ཟླ་7ཚེས་7ཉིན་གྱི་ཕྱི་དྲོ་བོད་དང་ཧུའུ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་གྱི་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་དང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀུའོ་ཁའེ་ལང་རྣམ་གཉིས་ཀྱིས་སྤེལ་རེས་ཚོགས་འདུའི་ཐོག་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཞུས་མིང་ཧྭ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེན་གྱིས་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅིན་ཧྲུའུ་པོ་དང་། ཏུང་མིང་ཅུན། ཅིན་ཧྲེ་ཤུན་བཅས་སྤེལ་རེས་ཚོགས་འདུར་ཕེབས་ཡོད་པ་རེད།
ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་སྐུ་ཚབ་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཧུའུ་ནན་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཡིན། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མའི་ནང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཡོད། ཧུའུ་ནན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཡིད་སྨོན་བྱེད་དགོས་པ་ཞིག་ཡོད་ལ་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་ལྷག་པར་དུ་ལྷོ་ཁ་ས་ཁུལ་ལ་ལོ་18རིང་ཁ་གཏད་རོགས་སྐྱོར་བྱེད་རིང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལས་བྱེད་པ་ཕུལ་བྱུང་བོད་དུ་ལས་ཀ་བྱེད་པར་འདེམས་གཏོང་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པར་རང་སྐྱོང་ལྗོངས་ཀྱི་ཕྱོགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད། མིག་སྔར་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་ཆེའི་གོ་སྐབས་འཕྲད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད། ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་སྐྱོར་ལས་དོན་ལ་སྔར་བས་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ་དེ་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རང་ལྗོངས་ཀྱིས་བེད་སྤྱོད་ཡག་པོ་བྱེད་རྒྱུར་རོགས་རམ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། བོད་སྐྱོར་རྣམ་གྲངས་དང་མ་དངུལ་སྒྲིག་འཛུགས་དང་དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི 》དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། ནང་སའི་སྔོན་ཐོན་འདུ་ཤེས་དང་། ལག་རྩལ། དོ་དམ་བཅས་ཀྱི་ལེགས་ཆ་དེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱེད་པ། ལས་བྱེད་པའི་བོད་སྐྱོར་དེ་དཔལ་འབྱོར་བོད་སྐྱོར་དང་། ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་བོད་སྐྱོར་བཅས་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ལྷོ་ཁ་ས་ཁུལ་དང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་རོགས་སྐྱོར་ཐོབ་པའི་ལས་དོན་ཧུར་ཐག་བསྒྲུབས་པ་དང་ཧུའུ་ནན་ཞིང་ཆེན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་བོད་སྐྱོར་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཧའོ་ཕུང་གིས་བོད་དང་ཧུའུ་ནན་གྱི་སྤེལ་རེས་དང་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད་པ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་རིན་ཆེན་པོ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་ཞུང་གིས་བོད་དང་ཧུའུ་ནན་གྱི་སྤེལ་རེས་དང་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག་ང་ཚོས་ལེགས་ཆ་ཕན་གསབ་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྱབ་ཁོངས་རྒྱ་ཆེར་གཏོང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་ཐོག་ནས་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་འོད་སྟོང་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
ཀུའོ་ཁའེ་ལང་གིས་གསུང་བཤད་གནང་སྐབས་དང་ཐོག་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ནས་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ངོ་མཚར་ལ་སྙིང་དབུས་ནས་མོས་གུས་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཀུའོ་ཁའེ་ལང་གིས་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ཧུའུ་ནན་དང་བོད་ཀྱི་སྤེལ་རེས་དང་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཧུའུ་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཐོག་གཏེར་ཐོན་ཐོན་ཁུངས་དང་། ནུས་རྒྱུ་གསར་པ་གསར་སྤེལ། ཡུལ་སྐོར་ལས་རིགས། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ས་ཁུལ་གཉིས་ཀྱི་འཕེལ་རྒྱས་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་ཐད་གྲོས་འགོ་འདོན་རྒྱུ་ཡིན། རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་ནང་ཧུའུ་ནན་ཞིང་ཆེན་གྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཛུགས་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། དཔུང་ཁག་ལ་དོ་དམ་ནན་པོ་བྱེད་པ་བཅས་ཕྱོགས་ལྔའི་ཐད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཐོག་སྔར་རྒྱུན་བཞིན་འགན་འཁྲི་འཁུར་བ་དང་བརྩེ་སེམས་བཅངས་ནས་ཁ་གཏད་བོད་སྐྱོར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་དར་རྒྱས་དང་། འཕེལ་རྒྱས། ཞི་མཐུན། བརྟན་ལྷིང་བཅས་ཀྱི་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་དང་ལྷོ་ཁ་ས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།