དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • “བདེ་འཇགས་ཞིབ་བཤེར་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གཙུག་ལག་ཁང་དུ་བརྟག་ཞིབ་གནང་སྐབས་རང་འགུལ་ཐོག་ནས་བདེ་འཇགས་ཞིབ་བཤེར་དང་ལེན་གནང་བ་མ་ཟད་བྱམས་བརྩེའི་ངང་བདེ་སྲུང་བར་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་བདེ་འཇགས་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་དམངས་ཕན་དམངས་བདེའི་ཞབས་འདེགས་ལེགས་པར་ཞུས་ཏེ་སྤྱི་པའི་བདེ་འཇགས་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་གིས་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        གཙུག་ལག་ཁང་ཐང་ཆེན་གྱི་འཛུལ་སྒོར་ཕེབས་སྐབས་ཁྲེན་ཆོན་གོས་རང་འགུལ་ཐོག་ནས་བདེ་འཇགས་ཞིབ་བཤེར་སྒོ་ཆུང་ནང་ཕེབས་ཏེ་བདེ་འཇགས་ཞིབ་བཤེར་དང་ལེན་གནང་ཞིང་། ཁོང་གིས་བདེ་འཇགས་ཞིབ་བཤེར་པར་ཡ་རབས་འགན་སྒྲུབ་དང་ལས་ཀར་འགན་འཁྲི་ནན་པོ་ཁུར་ཚུལ་ལ་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས་ཚང་མར་དཀའ་ངལ་ལ་མ་འཛེམས་པར་ལས་ཀ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲིའང་གནང་བ་རེད། ཁྲེན་ཆོན་གོས “མང་ཚོགས་དང་ཡུལ་སྐོར་བས་བདེ་འཇགས་ཞིབ་བཤེར་ལས་ཀར་བསམ་ཤེས་ཐུབ་ཀྱི་འདུག་གམ ”ཞེས་འདྲི་སྐབས། ལས་སྒྲུབ་པས “ཚང་མས་བསམ་ཤེས་བྱས་ནས་ང་ཚོའི་ཞིབ་བཤེར་ལས་ཀར་རང་འགུལ་ཐོག་ནས་གཞོགས་འདེགས་བྱེད་ཀྱི་འདུག ”ཅེས་ལན་བརྒྱབ། ཁྲེན་ཆོན་གོས “ཁྲིམས་འཛིན་ནན་པོ་བྱེད་པ་དང་ཆབས་ཅིག་མང་ཚོགས་དང་ཡུལ་སྐོར་བར་སྟབས་གང་བདེ་བདེ་ཡོང་བ་དང་དྲིལ་བསྒྲགས་འགྲེལ་བརྗོད་ལས་ཀའང་ཞིབ་ཕྲ་བྱས་ནས་ཚང་མའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས ”ཞེས་ཚང་མར་མངག་བྱ་གནང་བ་རེད།

        ཐང་ཆེན་དང་གཙུག་ལག་ཁང་ནང་ཡུལ་སྐོར་བ་བར་མི་ཆད་པ་ཡོད་ཅིང་། ཁྲེན་ཆོན་གོས་ས་ཁུལ་མི་འདྲ་བ་ནས་ཡོང་བའི་ཡུལ་སྐོར་བའི་འགྲམ་དུ་རང་འགུལ་ངང་ཕེབས་ནས “བོད་ཀྱི་བདེ་འཇགས་ཁོར་ཡུག་གང་འདྲ་འདུག་གམ། བདེ་འཇགས་ཞིབ་བཤེར་བྱེད་པ་དང་ལེན་ཐུབ་བམ ”ཅེས་ཐུགས་སྣང་གཤིན་པོས་འདྲི་སྐབས། ཡུལ་སྐོར་བས་བོད་ཀྱི་བདེ་འཇགས་ཁོར་ཡུག་ཡག་པོ་འདུག་ལ་ལྷག་པར་དུ་འདུ་འཛི་ཆེ་ས་གཙོ་གནད་དུ་ནང་སའི་ས་ཆ་མང་པོ་ཞིག་དང་འདྲ་བར་བདེ་འཇགས་ཞིབ་བཤེར་བྱ་ཐབས་དེ་སྤྱད་པས་ང་ཚོའི་སེམས་པ་ལྷོད་ལ་བབས་སོང་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད། ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང “ཁྱེད་ཚོས་བསམ་ཤེས་ཐུབ་ན་ང་བློ་བདེ་སོང་། ཁྱེད་ཚོ་བོད་དུ་སྤྲོ་བ་ལྡན་ལ་བྱ་བ་ལམ་ལྷོངས་དང་སེམས་པ་རྣལ་དུ་ཕབ་རྒྱུའི་རེ་བ་ཡོད། འཚོ་བ་བདེ་སྐྱིད་དང་སྐུ་གཟུགས་གསལ་ཐང་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན ”ཞེས་སྨོན་འདུན་ཞུས་པར་ཡུལ་སྐོར་བ་རྣམས་ཀྱི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།

        གཙུག་ལག་ཁང་ནས་ཆོས་མཇལ་ཞུས་ཏེ་ཐོན་ཡོང་བའི་རྒན་མོ་སྒྲོལ་མས་ཧྲུའུ་ཅི་ཁྲེན་ཆོན་གོ་ཞལ་ཚོར་ཏེ་དགའ་སྤྲོའི་ངང་ཧྲུའུ་ཅིར་འདྲི་རྨེད་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་ཕན་དམངས་བདེའི་སྲིད་ཇུས་བཏོན་པར་ཐུགས་རྗེ་ཆེ་ཞུས་པར་ཁྲེན་ཆོན་གོས “ད་ཆ་ཏང་ཨུད་དང་སྲིད་གཞུང་གིས་ས་ཆ་མང་པོ་ཞིག་ལ་བདེ་འཇགས་ཞིབ་བཤེར་གྱི་བྱ་ཐབས་སྤྱད་པར་ཁྱེད་ཚོ་ཆོས་མཇལ་འགྲོ་རྒྱུར་ཤུགས་རྐྱེན་ཡོང་གི་འདུག་གམ ”ཞེས་འདྲི་སྐབས། རྒན་མོ་སྒྲོལ་མས་བདེ་འཇགས་ཞིབ་བཤེར་སྟབས་བདེ་ལ་ལས་དོན་པའི་རྣམ་འགྱུར་ཡང་ཡག་པས་ང་ཚོ་ཆོས་མཇལ་དུ་འགྲོ་བར་ཤུགས་རྐྱེན་མི་ཡོང་བ་ལྟ་ཅི། ད་དུང་བདེ་འཇགས་ཆེ་རུ་སོང་ནས་དགོན་སྡེ་དང་རིག་དངོས་ལ་སྔར་བས་བདེ་འཇགས་བྱུང་བས་ང་ཚོས་བདེ་འཇགས་ཞིབ་བཤེར་བྱ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། ཁྲེན་ཆོན་གོས་ང་ཚོ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་འབད་བརྩོན་བྱས་ཚེ་བོད་འདི་ཉིད་ཞི་མཐུན་བརྟན་ལྷིང་རྒྱུན་བསྲིང་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་ཞེས་གསུངས་པ་རེད།

        བརྟག་ཞིབ་རིང། ཁྲེན་ཆོན་གོས་མཛེས་ལྗོངས་ཁུལ་དང་འདུ་འཛི་ཆེ་སའི་གནས་གཙོ་བོར་བདེ་འཇགས་ཞིབ་བཤེར་བྱ་རྒྱུ་ནི་རྒྱལ་སྤྱིའི་ཐོག་གི་རྒྱུན་སྤྱོད་བྱེད་ཐབས་ཤིག་ཡིན། ད་ཆ་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཤར་ལ་དད་ལྡན་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་དུ་འགྲོ་བའི་དུས་སུ་འཁེལ་བས་བདེ་འཇགས་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་བ་དེས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་རྒྱུ་དང་། མང་ཚོགས་དང་ཡུལ་སྐོར་བའི་སྲོག་ལ་གནོད་འཚེ་མེད་པ་དང་རྒྱུ་ནོར་གྱོང་གུན་མི་ཡོང་བ། རིག་དངོས་དང་རིག་གནས་ཤུལ་བཞག་གཙོ་བོ་བསྲུང་རྒྱུར་འཕྱུགས་པ་གཏན་ནས་མི་ཡོང་བ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་བདེ་འཇགས་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་ཏན་བསྟར་ནས་དེའི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་བདེ་འཇགས་ལྡན་པའི་ཁོར་ཡུག་ཅིག་གཏོད་རྒྱུ་དང་ལྗོངས་ཡོངས་སུ་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་དགོས་ཞེས་ནན་བཤད་གནང་བ་རེད།

        གཅིག་ནས་རྩ་དོན་མཐའ་འཁྱོངས་བྱེད་དགོས། ནན་ཏན་དང་། བདེ་འཇགས་ལྡན་པ། སེམས་རྩ་འཁོལ་བ། དམངས་ལ་སྟབས་བདེ་ཡོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་ཏན་བསྟར་ནས་རླངས་འཁོར་དང་། མི། དངོས་ཟོག་བཅས་གཅིག་ཀྱང་མ་ལུས་པ་བྱས་ཏེ་འབྱུང་རྩ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་དགོས་པ་དང་།

        གཉིས་ནས་ཡ་རབས་ཁྲིམས་འཛིན་བྱེད་དགོས། མང་ཚོགས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་འཛིན་ཚད་ལྡན་དང་། ཞབས་ཞུ་སེམས་རྩ་འཁོལ་བ། མང་ཚོགས་སྟབས་བདེ་བ་བཅས་དང་དེ་བཞིན་ལས་ཀ་ཚད་ལྡན་དང་། སེམས་རྩ་འཁོལ་བ། ཚགས་ཚུད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་བོད་ཀྱི་གཟུགས་བཪྙན་བཟང་པོ་གཏོད་དགོས།

        གསུམ་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། ཚགས་པར་དང་། རླུང་འཕྲིན། བཪྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་གྱི་ནུས་པ་གང་ལེགས་སྤྱད་དེ་བདེ་འཇགས་ཞིབ་བཤེར་བྱེད་པའི་དགོས་གལ་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མེ་འཁོར་བབས་ཚུགས་དང་། གནམ་ཐང་། གྲོང་ཁུལ་གྱི་གཞུང་ལམ་དང་འགྲུལ་ཁང་གཙོ་བོ་སོགས་ལ་བདེ་འཇགས་ཞིབ་བཤེར་བྱང་བུ་བཙུགས་ཏེ་གྲོང་མི་དང་ཡུལ་སྐོར་བས་རང་འགུལ་ཐོག་ནས་བདེ་འཇགས་ཞིབ་བཤེར་བའི་ལས་ཀར་གཞོགས་འདེགས་ཡོང་བ་བྱས་ནས་སྤྱི་པའི་བདེ་འཇགས་སྒྲིག་ལམ་མཉམ་དུ་སྲུང་དགོས།

        བཞི་ནས་བདེ་འཇགས་ཡོང་བ་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་སེམས་པ་དང་། དགོས་གཏུགས་སེམས་པ། ཉེན་ཁའི་སེམས་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་བདེ་འཇགས་ཞིབ་བཤེར་བྱ་ཐབས་ནན་དུ་གཏོང་བ་དང་། བདེ་འཇགས་ཞིབ་བཤེར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་ཆས་གྲ་སྒྲིག་ཚད་མཐོ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་ཏུ་མེད་པ་བཟོས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་ཡོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བར་འགན་ལེན་ནུས་ལྡན་ཐུབ་པ་བྱེད་དགོས།

        ལྔ་ནི་ལས་བྱེད་པས་སྣེ་ཁྲིད་དགོས། བདེ་འཇགས་ཞིབ་བཤེར་ལམ་ལུགས་ནི་མི་ཚང་མར་འདྲ་མཉམ་ཡིན་པ་སོགས་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སྤྱི་ཞབས་པའི་འདུ་ཤེས་དང་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དོན་ཆེན་མཐོ་ཚད་ཐོག་ནས་བདེ་འཇགས་ཞིབ་བཤེར་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུའི་ཐད་འགོ་ཡག་པོ་འཁྲིད་པ་དང་མིག་དཔེ་གཞན་སྟོན་སྒོ་ནས་འགོ་ཁྲིད་ལས་བྱེད་པའི་བསམ་བློའི་གནས་ཚད་དང་ཉམས་བཟང་མངོན་པར་བྱེད་དགོས། མིག་དཔེ་གཞན་སྟོན་དང་། རང་འགུལ་གཞོགས་འདེགས། རང་རྟོགས་ལྡན་པ་བཅས་ཀྱི་སྒོ་ནས་བདེ་འཇགས་ཞིབ་བཤེར་དང་ལེན་བྱས་ཏེ་དེའི་གཏན་འབེབས་ཁག་འགོ་ཁྲིད་ནས་ལག་ལེན་བསྟར་ནས་རང་ངོ་མའི་བྱ་སྤྱོད་ཐོག་ནས་མི་དམངས་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་བདེ་འཇགས་ཞིབ་བཤེར་ལས་ཀར་གཞོགས་འདེགས་བྱ་རྒྱུར་སློབ་གསོ་དང་སྣེ་ཁྲིད་ཀྱིས་བདེ་འཇགས་ལྡན་པའི་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་ཅིག་མཉམ་དུ་གཏོད་དགོས།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལན་བཅས་པ་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།