དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁོང་གིས་སེམས་ཐག་གཙང་བཅད་དང་། དམ་འཛིན་ལྷོད་མེད། དངོས་འཛིན་དངོས་སྒྲུབ། དམ་འཛིན་ཞིབ་ཚགས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ཉེ་ཆར་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ལས་འགན་དང་རི་བོ་ཐའེ་ཧྲན་ལས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་དོན་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག སྔ་ཙམ་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་ཡོད་ཅེས་གསུངས་པ་རེད།

        དེང་སྐབས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་རྗེས་ཁྲེན་ཆོན་གོས་འདི་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་གལ་ཆེའི་ལོ་ཞིག་རེད། འདི་ལོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་པོ་ཡོད་ལ་ལས་འགན་ཡང་གཟི་བརྗིད་ལྡན་པ་ཞིག་ཡོད་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་དང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་དང་། ཞིབ་ཕྲ། ཡག་པོ་བཅས་སྒྲུབ་སྟེ་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་བཅས་ཡོང་རྒྱུར་འགན་ལེན་ཤུགས་ཆེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་སྟེ།

        གཅིག་ནས་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་ཨང་དང་པོ་དང་ལས་དོན་ཁག་གི་ལྟེ་བ་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་ནས་སེམས་ཤུགས་གཅིག་སྡུད་དང་། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། ལས་ཀར་གཡོ་འགུལ་མི་ཐེབས་པ། འགན་འཁྲི་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཐོག་གྲ་སྒྲིག་ཨང་བསར་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་།

        གཉིས་ནས་རྒྱུན་དུ་དམིགས་ཚད་སེམས་ལ་བཅངས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱས་ཏེ “གནད་དོན་གསུམ་མི་ཐོན་པའི ”(གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས )དམིགས་ཚད་འགན་ལེན་དང་ལྗོངས་ཡོངས་ཁྱོན་ཡོངས་ནས་བརྟན་ལྷིང་དང་། ལོ་ཧྲིལ་པོ་བརྟན་ལྷིང་། རྒྱུན་མཐུད་བརྟན་ལྷིང་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ།

        གསུམ་ནས་རྒྱུན་དུ་བྱ་ཐབས་དམ་འཛིན་བྱེད་དགོས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ཏེ་སྲིད་ཇུས་སྒྲོམ་སྟོང་ལྟ་བུར་འཇོག་པ་ལས་ལག་བསྟར་མི་བྱེད་པ་དང་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཏན་ཏིག་གཏོད་དགོས་པ།

        བཞི་ནས་རྒྱུན་དུ་གཙོ་གནད་དམ་འཛིན་གྱིས་གྲོང་ཚོར་བཅའ་སྡོད་ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་པོ་འཛུགས་དགོས་པ་དང་། དགོན་པ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱིས་རང་འགུལ་ངང་རྒྱལ་གཅེས་ཁྲིམས་སྲུང་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དྲ་བ་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཆས་དང་སྟོབས་ཤུགས་བཀོད་སྒྲིག་ཤུགས་ཆེན་བྱས་ནས་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ཁུལ། གཙོ་གནད་མི་སྣ་བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སུབ་ཁ་མེད་པ་དང། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་པ། རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རྩའི་ཆ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ། དམངས་འཚོ་ལེགས་གཏོང་གི་འགག་རྩའི་བྱ་ཐབས་ལག་བསྟར་ཤུགས་ཆེན་བྱས་ནས་ཞི་མཐུན་བརྟན་ལྷིང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ།

        ལྔ་ནས་སྔོན་ཇུས་གཞིར་བཟུང་རྒྱུན་དུ་དམིགས་སའི་རང་བཞིན་གྱི་དངོས་འཐབ་ནང་སྦྱོང་བྱས་ཏེ་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་མཁན་སྟོབས་ཤུགས་བཀོད་སྒྲིག་འདང་ངེས་ཀྱིས་བཀའ་སྒུག་གནས་ཡུལ་ལུགས་མཐུན་ཡོང་བ་དང་། ཐོལ་བྱུང་དོན་རྐྱེན་ཐོན་སྐབས་དེ་མ་ཉིད་དུ་ཁ་གཏད་འོས་འཚམས་གཅོག་པ། འཕྲལ་ཐག་ཆོད་པོས་ཐག་གཅོད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ།

        དྲུག་ནས་རྒྱུན་དུ་འགན་འཁྲི་ནན་པོ་ཡོང་བ་བྱེད་དགོས་པ་དང་ཏང་སྲིད་འགོ་ཁྲིད་དང་པོ་སྐུ་ངོ་མས་དམ་འཛིན་དང་སྤྱི་འགན་འཁུར་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་ཚན་ཁག་གིས་རང་འགན་ནན་སྒྲུབ་དང་ནུས་ཤུགས་ཡོད་རྒུ་འདོན་པ། རིམ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ནས་མཉམ་ཤུགས་ཤིག་ཆགས་པ་བྱེད་པ། གནད་དོན་ཐག་གཅོད་བྱ་སྐབས་སྔ་ཙམ་དང་། མྱུར་པོ། ཏན་ཏིག་བཅས་བྱས་ཏེ་མངོན་གསལ་དུ་རྟོག་ཞིབ་དང་མངོན་མེད་བརྟག་དཔྱད་བྱེད་པ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས “གང་ལྟར་གསུམ ”གྱི་བླང་བྱ་ལྟར་ལས་གནས་བརྟན་སྲུང་མི་བྱེད་མཁན་དང་། ལས་ཀར་འགན་མི་འཁུར་མཁན། བྱ་ཐབས་དོན་འཁྱོལ་མི་བྱེད་མཁན། བརྟན་ལྷིང་སྲུང་སྐྱོང་ཐད་གནད་དོན་ཐོན་མཁན་བཅས་ཡིན་ཕྱིན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཉེས་ཆད་ནན་པོ་གཅོད་པ་ལས་གུ་ཡངས་མི་གཏོང་བར་སྒྲིག་ཁྲིམས་དམ་པོར་བརྟེན་ནས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་གྱིས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།