དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་28ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བཅས་ཀྱི་སྤྱིའི་བླང་བྱར་ཏན་ཏིག་གཞིགས་ཏེ་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་བླ་ན་མེད་པའི་གུས་བཏུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

        ཧའོ་ཕུང་གིས་འདི་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུའི་ལོ་ཞིག་ཡིན་ལ་ང་ཚོས་ཪྙོག་འཛིང་ཆེ་ལ་ཛ་དྲག་པའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་བབ་བརླིང་ངང་ཁ་གཏད་གཅོག་པ་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པའི་གལ་འགངས་ཆེ་བའི་ལོ་ཞིག་ཀྱང་རེད། དུས་བབ་དང་ལས་འགན་གསར་པས་རང་ལྗོངས་ཀྱི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ལས་རིགས་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ལ་རང་ལྗོངས་ཀྱི་རྒྱ་ཆེའི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་ཞིག་ཀྱང་བཏོད་ཡོད། ང་ཚོས་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བཅས་ཀྱི་སྤྱིའི་བླང་བྱར་ཏན་ཏིག་གཞིགས་ཏེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ལ་གཞི་ཚུགས་ནས་ཁ་གཏད་གཅོག་པ་དང་ཐག་གཅོད་འོས་འཚམ་བྱེད་པ། ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་ཀྱི་གནད་དོན་ཞིབ་འཇུག་གཏིང་ཟབ་བྱེད་པ། རིན་ཐང་ཡོད་པའི་ཚན་ཞིབ་གྲུབ་འབྲས་ཟམ་མི་ཆད་པར་ཐོན་པ་བྱེད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཕྱིར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་། བསམ་བློའི་འགན་ལེན། བསམ་པའི་སྒུལ་ཤུགས། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་ཐག་ཆོད་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས “གཞི་རིམ་དུ་བསྐྱོད་པ་དང་། སྤྱོད་ཚུལ་བསྒྱུར་བ། རྩོམ་སྲོལ་བསྒྱུར་བ ”བཅས་གཞི་རྟེན་དུ་བྱས་ནས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་བསྐྱོད་སྐབས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་དང་རིག་གཞུང་གི་བསམ་བློ་གཏོང་ཕྱོགས་མཐོ་རུ་གཏོང་བ་དང་ལག་ལེན་ཁྲོད་བསམ་བློའི་གཤིས་རྒྱུད་སྦྱོང་བརྡར་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་འཐུས་མིའི་ཚོགས་ཆེན་དེ་འགོ་འཛུགས་སར་བྱས་ནས་རང་ངོས་ཀྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ཏེ་རྩ་འཛུགས་ཀྱི་མཐུན་སྦྱོར་དང་། བློ་འདྲིའི་ཞབས་ཞུ། སྦྲེལ་ཟམ་སྒྲོག་ཐག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་དང་ལག་བསྟར་བསམ་འཆར་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཏང་གིས་འགོ་ཁྲིད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་སེམས་ཁུར་དང་དགའ་གཅེས་བྱས་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་བར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཟམ་མི་ཆད་པར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        ཏུང་ཡུན་ཧུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་དང་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཚོགས་ཆེན་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་བཏང་བའི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་བྱས་པ་དང 《བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག 》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།