དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་ཡིས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ཞིབ་བཤེར་ས་ཚིགས་སུ་རང་འགུལ་ངང་བདེ་འཇགས་ཞིབ་བཤེར་དང་ལེན་ཞུས་པ་མ་ཟད་བདེ་འཇགས་ཞིབ་བཤེར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཡང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་ལས་དོན་མི་སྣའི་བདེ་འཇགས་ཞིབ་བཤེར་རང་འགུལ་ངང་དང་ལེན་ཞུས་པ་དང་འབྲེལ་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ཞིབ་བཤེར་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་ཡང་གནང་ནས་བདེ་འཇགས་ཞིབ་བཤེར་དོན་འཁྱོལ་བྱ་ཚུལ་ལ་ཞིབ་བཤེར་གནང་བ།

        ཟླ་6ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་རང་འགུལ་ངང་ལས་དོན་མི་སྣའི་བདེ་འཇགས་ཞིབ་བཤེར་དང་ལེན་ཞུས་པ་མ་ཟད། ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ཞིབ་བཤེར་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད་བདེ་འཇགས་ཞིབ་བཤེར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཡང་གནང་ཞིང་། ཁོང་གིས་བདེ་འཇགས་ཞིབ་བཤེར་ནི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པས་བདེ་འཇགས་ཞིབ་བཤེར་ལས་དོན་ཁྲོད་དོ་ནན་པ་དང་། བདེ་འཇགས། སེམས་རྩ་འཁོལ་པོ། དམངས་ལ་སྟབས་བདེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་འཚོ་བ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལན་བཅས་ཞིབ་བཤེར་དང་འཚམས་འདྲི་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

        འགྲུལ་སྐྱེལ་རླངས་འཁོར་འབྲིང་བ་ཁ་བཀག་མ་ཐག་ཁྲེན་ཆོན་གོ་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་མདུན་དུ་ཕེབས་ནས་སེམས་རྩ་འཁོལ་པོས་ཚང་མ་དང་འདྲིས་འདྲི་གཏོང་ཞོར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་སྤྲད་གནང་བ་རེད། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཐོབ་ཐང་ལག་ཁྱེར་བླངས་ནས་དབྱེ་འབྱེད་ངོས་འཛིན་ཡོ་ཆས་ཐོག་དྲད་ཙམ་བྱས་པས་གཞི་རྩའི་ཆ་འཕྲིན་མགྱོགས་མྱུར་མངོན་ཡོད། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁྲེན་ཆོན་གོ་ལ “ཁྲེན་ཧྲུའུ་ཅི་ལགས་ལ་སྙན་སེང་ཞུ་རྒྱུར་ཞིབ་བཤེར་བྱས་ཟིན་སོང ”ཞེས་བརྗོད། ཁྲེན་ཆོན་གོས་ཐོབ་ཐང་ལག་ཁྱེར་བླངས་རྗེས་འཕྲལ་དུ་བདེ་འཇགས་ཞིབ་བཤེར་བྱ་ཡུལ་སྒོ་འགྲམ་དུ་བསྐྱོད་པ་མ་ཟད། རང་འགུལ་ངང་ཕྱག་གཉིས་ཡར་བཀྱག་ནས་ལས་དོན་མི་སྣའི་བདེ་འཇགས་ཞིབ་བཤེར་དང་ལེན་ཡང་ཞུས་པ་རེད། ལས་དོན་མི་སྣས་ཞིབ་བཤེར་གཟབ་ནན་ངང་བྱས་རྗེས་ཁྲེན་ཆོན་གོར “ཁྲེན་ཧྲུའུ་ཅི་ལགས་ཞིབ་བཤེར་ཚར་སོང་བས་ཕེབས་ན་འགྲིག་སོང ”ཞེས་བརྗོད། ཁྲེན་ཆོན་གོ་ཡིས་འཛུམ་དམུལ་དམུལ་ངང་ཚང་མར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བློ་མཐུན་ཚོ་ཁྱེད་རྣམ་པས་ཉིན་མཚན་སྦྲེལ་མཐུད་དང་། རང་དོན་དོར་ནས་ལས་དོན་སྒྲུབ་པ། དཀའ་ངལ་ཁྱད་བསད། རང་འགན་ནན་སྒྲུབ་བཅས་ཀྱིས་ལྗོངས་ཡོངས་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་བར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚང་མ་དང་ལྗོངས་ཡོངས་ཀྱི་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་དམག་སྐུལ་དང་ལེན་ཞུ་བཞིན་ཡོད་པའི་དཔུང་སྡེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་པས་བློ་མཐུན་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་མུ་མཐུད་འབད་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་མུ་མཐུད་རང་འགན་གཙང་སྒྲུབ་དང་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ཏེ་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        དེ་རྗེས་ཁྲེན་ཆོན་གོ་ཡིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་བདེ་འཇགས་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཉིན་རེར་རླངས་འཁོར་དང་མི་གྲངས་ག་ཚོད་ཙམ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་དམ། ཞིབ་བཤེར་བྱེད་ཐབས་གང་དང་གང་ཡོད་དམ། མང་ཚོགས་ཀྱིས་བདེ་འཇགས་ཞིབ་བཤེར་ལ་བསམ་ཤེས་བྱེད་ཀྱི་འདུག་གམ་ཞེས་པ་ལ་སོགས་ཁྲེན་ཆོན་གོ་ཡིས་ཞིབ་ཅིང་ཕྲ་བ་བཀའ་འདྲི་གནང་བ་རེད། ཉེན་དོན་ས་ཚིགས་ཀྱིས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཞབས་ཞུའི་ས་ཚིགས་བསྐྲུན་པ་མ་ཟད་ད་དུང་འཐུང་ཆུ་དང་། རྒྱུན་སྤྱོད་སྨན། རྐུབ་སྟེགས་འཁོར་ལོ་ཅན་སོགས་སྒྲིག་ཆས་གྲ་སྒྲིག་བྱས་པ་གཟིགས་སྐབས་ཁྲེན་ཆོན་གོ་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་ཁོང་གིས་ནན་ཞིང་ཐུགས་ཁུར་ཆེ་བའི་སྒོ་ནས་ཁྱེད་ཚོའི་འདི་གར་ལྷ་སར་ཕར་འགྲོ་ཚུར་འོང་བྱེད་ས་གལ་ཆེན་ཞིག་ཡིན་པས་དོན་སྙིང་འདིའི་ཐོག་ནས་བརྗོད་ན་ཁྱེད་ཚོའི་གཟུགས་བཪྙན་གྱིས་བོད་ཀྱི་གཟུགས་བཪྙན་གྱི་ཚབ་བྱེད་པ་དང་ཁྱེད་ཚོའི་ལས་ཀའི་ཆུ་ཚད་ཀྱིས་བོད་ཀྱི་མི་དམངས་སྤྱི་བདེའི་ཞབས་ཞུའི་ཆུ་ཚད་མངོན་པས་བློ་མཐུན་ཚོས་མི་དམངས་མང་ཚོགས་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་སྤུས་ཚད་སྔར་བས་གོང་མཐོར་གཏོང་བ་དང་བདེ་འཇགས་འགན་ལེན་བྱེད་ཐབས་སྔར་བས་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་དམངས་ཕན་ཞབས་ཞུ་དང་། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་གཏོད་པ་བཅས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཀྱི་བསམ་པ་དང་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་སྟེ “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས་པའི ”དམིགས་ཚད་མངོན་འགྱུར་ཡོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཤིང་། གཅིག་ནས་ནན་པོ་བྱེད་དགོས་ཤིང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། ཉམས་ཉེན་གྱི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས། ཕྱོགས་གཅིག་ནས་ལས་རེས་མི་སྣས་རང་འགན་གཙང་སྒྲུབ་དང་ཁྲིམས་འཛིན་ནན་པོ་བྱེད་པ་དང་བདེ་འཇགས་ཞིབ་བཤེར་གྱི་གཏན་འབེབས་དང་བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་ཁག་ལག་བསྟར་ནན་ཏན་བྱས་ཏེ་རླངས་འཁོར་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་ཞིབ་བཤེར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་བདེ་འཇགས་ཞིབ་བཤེར་དང་ལེན་ཧུར་ཐག་དང་རང་རྟོགས་ངང་བདེ་སྲུང་གི་གཏན་འབེབས་ཁག་ལག་ལེན་བསྟར་དགོས་པ་དང་འབྲེལ་ཚན་པའི་ལས་བྱེད་ལས་བཟོ་དང་ནང་མིར་རང་རྟོགས་ངང་བདེ་འཇགས་ཞིབ་བཤེར་དང་ལེན་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་ཡག་པོ་རྒྱག་དགོས་པ་དང་། གཉིས་ནས་བདེ་འཇགས་ཡོང་བ་བྱེད་དགོས་ཤིང་། བདེ་འཇགས་ཨང་དང་པོ་ཡིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། དགོས་གཏུགས་ཀྱི་བསམ་པ། ཉམས་ཉེན་གྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ཐོག་བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གོ་མཚོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཐོན་བཟོ་ཡོད་པའི་དུས་ནས་མེད་པ་བཟོ་རྒྱུ་འགན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། གསུམ་ནས་སེམས་རྩ་འཁོལ་པོ་བྱེད་དགོས། དམངས་གཅེས་ཀྱི་བསམ་པ་བཅངས་ནས་མང་ཚོགས་ཀྱི་ལྟ་བ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ཐོག་ཚད་ལྡན་ངང་ཁྲིམས་འཛིན་དང་། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ། ནང་ཁུལ་གྱི་བྱང་ཚད་ལེགས་སུ་གཏོང་བ། ཕྱི་ཕྱོགས་སུ་གཟུགས་བཪྙན་གཏོད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་དང་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་རྣམས་ལ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུའི་ལྟ་སྟངས་འཛིན་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས “མི་དམངས་ཀྱི་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ ”ཞེས་པའི་ཁས་ལེན་ཟབ་མོ་ལག་བསྟར་བྱེད་དགོས་པ། བཞི་ནས་དམངས་ལ་ཕན་པ་འདོགས་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་འཇགས་ཀྱི་བསམ་པ་དང་བློ་ཡིད་ཚིམ་ཚད་དེ་སྤྱི་བདེའི་ལས་དོན་ལ་དཔྱད་བརྗོད་དང་ཞིབ་དཔྱད་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ཏེ་སྤྱི་དོན་དུ་ཉེན་རྟོག་པ་འཛུགས་པ་དང་དམངས་དོན་དུ་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཐད་ཪྙོག་རྫོབ་མེད་པ་དང་ཞབས་ཞུའི་ཐད་དམངས་ལ་སུན་པོ་མི་ཡོང་བ་བྱས་ནས་མང་ཚོགས་དང་ཡུལ་སྐོར་བར་བདེ་འཇགས་དང་། ཞི་མཐུན། སྣང་བ་སྐྱིད་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།