བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་30ལྷག་ཙམ་ལྷ་ས་ནས་ཐོན་ཏེ་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་འཐུས་མི་ཚོ་སྡོད་སར་ཕེབས་ནས་རང་ལྗོངས་ཀྱི་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐྱོད་མཁན་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཕེབས་སྐྱེལ་ཞུས་པ་དང་ཁོང་ཚོར་ཁ་བཏགས་གཡོག་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ་དང་ཨ་བསྟན་ཕེབས་ཡོད་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོར་ད་ཐེངས་ཀྱི་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་ལ་ངེས་པར་དུ་གཅེས་སྤྲས་ཡག་པོ་བྱས་ནས་འཐུས་མིའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་སྤུན་ཟླའི་ཞིང་ཆེན (ཆུས་དང་གྲོང་ཁྱེར )གྱི་གཞི་རིམ་མི་དམངས་འཐུས་མིས་སྲིད་ཞུགས་སྲིད་གྲོས་དང་
མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཉམས་མྱོང་རླབས་པོ་ཆེ་སློབ་སྦྱོང་བྱས་ཏེ་ད་ཐེངས་ཀྱི་སློབ་སྦྱོང་དང་རྟོག་ཞིབ་ཀྱི་བྱེད་སྒོར་དངོས་ཕན་ཐོབ་པ་བྱས་ནས་སླད་ཕྱིན་ལས་དོན་སྤེལ་རྒྱུར་ཕན་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་ད་ཐེངས་ནང་སར་བསྐྱོད་ནས་སློབ་སྦྱོང་དང་རྟོག་ཞིབ་བྱེད་པ་དེ་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་གོ་སྐབས་ཤིག་ཡིན་པ་མ་ཟད། བོད་འདི་ཉིད་དྲིལ་བསྒྲགས་དང་བོད་ཀྱི་མི་དམངས་འཐུས་ཚོགས་དྲིལ་བསྒྲགས་བྱེད་པའི་ཕན་འབྲས་ལྡན་པའི་གོ་སྐབས་ཤིག་ཡིན་པས་ཚང་མས་རང་ཉིད་ཀྱི་དགེ་མཚན་གང་ཡོད་བཏོན་ཏེ་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱེད་དགོས་ཞེས་བཏོན་གནང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ཟླ་ཕྱེད་ལྷག་ཙམ་རིང་རང་ལྗོངས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་སྔ་རྗེས་སུ་ནང་སོག་དང་། ཅི་ལིན། ལེའོ་ཉིང་། པེ་ཅིང་བཅས་སུ་བསྐྱོད་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་ཇི་ལྟར་སྒྲུབ་མིན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལས་དོན་ཇི་ལྟར་སྤེལ་མིན་སོགས་ཀྱི་ཐད་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་རེད།