དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་མཆན་འགོད་མཛུབ་སྟོན་གནང་ཞིང་། ཁོང་གིས་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཁེ་ཕན་སྐྲུན་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་སར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མ་འཇོག་བྱེད་ཤུགས་ལོ་རེ་བཞིན་མང་དུ་གཏོང་བ་དང་། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། སྒྲིག་འཛུགས་དང་ལག་བསྟར་ནན་ཏན་བཅས་བྱས་པས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་219.27ལེགས་གྲུབ་བྱུང་ནས་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་ཁྲི་35.05ལ་ཁྱབ་སྟེ་ཞིང་འབྲོག་པའི་སྡོད་གནས་ཆ་རྐྱེན་སྔར་བས་ལེགས་སུ་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་མཛེས་སུ་ཕྱིན་པ་དང་ནང་མཁོ་སྣེ་ཁྲིད་ཐུབ་པས་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་སྐབས་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་དུས་སྐབས་ཡིན་པར་བརྟེན་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ཚད་བརྒལ་བྱེད་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་མ་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ལ་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཅ་ཆིང་ལིན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཁེ་ཕན་སྐྲུན་པའི་དམངས་འཚོའི་འདུ་འགོད་གལ་ཆེན་དེར་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་དགོས།

        གཅིག་ནི་ངོས་འཛིན་མཐོ་རུ་གཏོང་དགོས། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ། དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པའི་ཐབས་ལམ་ནུས་ལྡན། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་གཞི་འཛིན་ས་ནུས་ལྡན་བཅས་ཡིན་པར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། བཀོད་སྒྲིག་ཞིབ་ཚགས། ཏན་ཏིག་ངང་སྐུལ་གཏོང་བཅས་བྱས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དེ་དངོས་གནས་དམངས་སེམས་འདུ་འགོད་དང་། སྲིད་བཟང་འདུ་འགོད། ཉི་འོད་འདུ་འགོད་བཅས་ཤིག་ཏུ་འཛུགས་སྐྲུན་བྱས་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཕྱིར་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

        གཉིས་ནི་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་དགོས། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་དང་། སྤྱི་ཡོངས་ནས་སྐུལ་གཏོང་། ཚན་རིག་དང་མཐུན་པའི་ངང་ཇུས་འགོད། ཕྱོགས་བསྡུས་ངང་ཆ་ལག་ཚང་བ། གཅིག་གྱུར་འཆར་འགོད་ངང་སྐུལ་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ལྷག་པར་དུ་ས་བབ་དང་བསྟུན་པ་དང་དོན་དངོས་དང་བསྟུན་ནས་གང་ཐུབ་ཅི་ཐུབ་ཀྱིས་གཅིག་སྡུད་མུ་འབྲེལ་ངང་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་དེ་ལྟར་བྱས་ཚེ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ཐོན་ཁུངས་བཀོད་སྒྲིག་བཟང་སྒྲིག་བྱེད་པར་ཕན་ཐོགས་ཀྱང་ཡོད། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་དང་། “བརྒྱད་འཛོམས་ཞིང་དུད ”ཀྱི་ལས་གཞི་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དང་ཟུང་འབྲེལ། གེགས་ཁུལ་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ། རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་ཟུང་འབྲེལ། གྲོང་རྡལ་ཅན་དུ་འགྱུར་བར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ཏན་ཏིག་བྱེད་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་། འབབ་འཕར་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ། འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་བཅས་འགྲོ་བ་བྱེད་དགོས།

        གསུམ་ནི་མྱུར་ཚད་མགྱོགས་སུ་གཏོང་དགོས། སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལོ་འཁོར་གྱི་འཆར་གཞི་བཟོ་བ་དང་། ལག་བསྟར་འཆར་གཞི་ཞིབ་ཚགས་སུ་གཏོང་བ། ལེགས་སྒྲུབ་དུས་ཚད་ཁ་གསལ་འདོན་པ་བཅས་བྱས་ནས་གང་མགྱོགས་ལས་འགོ་ཚུགས་རྒྱུ་དང་། ཚད་གཞི་ནན་པོ་འདོན་རྒྱུ། སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་བཅས་མཐའ་འཁྱོངས་ཀྱིས་འཆར་འགོད་ལས་སྒྲུབ་དང་ལས་ཡུན་ལྡོག་རྩིས་བྱས་ཏེ་ཟླ་རེར་བསྡོམས་རྩིས་དང་། ཟླ་རེར་ཡོངས་བསྒྲགས། ཟླ་རེར་བཀོད་གཏོང་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས། ད་ཆ་དུད་ཚང་ཁྲི་35.05ཡི་སྡོད་ཁང་བསྐྲུན་ཟིན་པའི་རྨང་གཞིའི་ཐོག་སླར་ཡར་ཞིང་འབྲོག་པ་དུད་ཚང་ཁྲི་10.98ཀྱི་བདེ་སྡོད་ཁང་པ་བསྐྲུན་ནས་2013ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་འབྲོག་པ་ཡོངས་འགྲོ་སོང་ཆུང་ལ་བདེ་འཇགས་དང་། སྤྱོད་གོ་ཆོད་པའི་སྡོད་ཁང་དུ་སྡོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས།

        བཞི་ནི་སྤུས་ཚད་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོ་རིམ་དང་ཚད་གཞི་ལག་ལེན་ནན་པོ་བསྟར་བ་དང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ནས་ལག་རྩལ་གསར་པ་དང་། རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ་བཅས་སྤྱོད་རྒྱུར་སྣང་ཆེན་བྱེད་པ་དང་། སྡོད་ཁང་མཛེས་པོ་དང་། བདེ་འཇགས་ཡིན་པ། སྤྱོད་གོ་ཆོད་པ། ཁོར་ཡུག་སྲུང་སྐྱོང་བཅས་ཡོང་བ་བྱེད་པ། སྤུས་དག་ལས་གྲྭ་དང་དཔེ་སྟོན་ལས་གྲྭ་གཏོད་པ་བཅས་བྱས་ནས་སྤུས་ཚད་ལེགས་པ་དང་དུས་ཚོད་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་དེར་སྡོད་པར་བློ་བདེ་པོ་དང་། ལྷོད་པོ། སྐྱིད་པོ་བཅས་ཡོང་བ་བྱེད་དགོས།

        ལྔ་ནི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་དམངས་དོན་དུ་སྲིད་སྐྱོང་བར་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་དང་དམངས་འཚོ་ལེགས་སུ་གཏོང་བའི་གཞི་བརྟེན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་དངོས་ཕན་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཞིག་ཏུ་འཇོག་པ་དང་དམིགས་ཚད་དོ་དམ་ནང་འཇུག་དགོས། འགན་ཁུར་བློ་མཐུན་གཙོ་བོ་ངོ་མས་དམ་འཛིན་དང་ཁག་བགོས་འགན་ཁུར་བློ་མཐུན་གྱིས་ཞིབ་ཕྲའི་ངང་དམ་འཛིན་བྱས་ནས་ལས་དོན་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་ཁུར་ངང་གཞོགས་འདེགས་དང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།