ཟླ་6ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། འདི་ནི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་སུའོ་ཡི་ཚོད་ལྟའི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།
ཟླ་6ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་ལས་ཀའི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་འཕེལ་རྒྱས་ལ་གཞི་ཚུགས་ནས་འགག་སྒྲོལ་བྱེད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པའི་ཁར་ལམ་སྲོལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ “ཐོན་ལས་དང་པོ་གོང་མཐོར་གཏོང་རྒྱུར ”ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།
པད་མ་འཕྲིན་ལས་དང་བཅས་པ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཕྱུགས་ནད་སྨན་པའི་ཞིབ་འཇུག་སུའོ་དང་། ཞིང་འབྲོག་ཚན་རིག་ཁང་གི་འབུམ་རམས་པ་ཐོབ་རྗེས་ཀྱི་ཞིབ་འཇུག་བྱེད་མཁན་གྱི་ལས་དོན་ས་ཚིགས། སྤུས་ཚད་ཞིབ་བཤེར་ལྟེ་གནས། ནས་དང་སྐྱེ་དངོས་ལག་རྩལ་ཚོད་ལྟ་ཁང་། ཞིང་ལས་ཞིབ་འཇུག་སུའོ་ཡི་ཚོད་ལྟའི་ས་ཞིང་ཨང་གསུམ་པ། བོད་ལྗོངས་ས་མཐོའི་དེང་རབས་ཞིང་ལས་གླིང་ཁུལ་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་ལས་ཀའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཐད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་1995ལོ་ནས་སླར་གསོ་བསྐྱར་སྐྲུན་བྱས་ཚུན་ཚན་ཞིབ་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ནས་གཡུར་དུ་ཟར་བའི་ཚན་ཞིབ་གྲུབ་འབྲས་ཁག་གཅིག་ཐོབ་ཡོད་ཅེས་གསུངས་པ་དང་། ཁོང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚན་རྩལ་སྔོན་ལ་འཕེལ་རྒྱས་གཏོང་དགོས་ཤིང་། བོད་ཀྱི་ངོས་ནས་བརྗོད་ན་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་བལྟོས་བཅས་ཀྱིས་ཅུང་དམའ་བ་སྟེ་གཉེར་སྐྱོང་གཞི་ཁྱོན་ཆུང་བ་དང་། སྒྲིག་འཛུགས་ཅན་གྱི་ཆུ་ཚད་དམའ་བ། ཚན་རྩལ་སྟོབས་ཤུགས་ཞན་པ་བཅས་ཡིན་པའི་དབང་གིས་ཞིང་འབྲོག་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུར་དམིགས་བསལ་གྱི་གལ་ཆེའི་དོན་སྙིང་ལྡན་ཡོད། ཚན་རྩལ་གྱིས་གཞི་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་ཧ་ཅང་ལེགས་པོ་བཏོད་ཐུབ། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྟེ 《ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་མགྱོགས་སུ་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་སྤྲོད་མཁོའི་འགན་སྲུང་ནུས་པ་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུའི་ཐད་ཀྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག 》ནང་ཞིང་ལས་ཚན་རྩལ་གསར་གཏོད་ལ་མགྱོགས་མྱུར་སྐུལ་འདེད་དང་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་གལ་ཆེའི་འཐབ་ཇུས་ཀྱི་ཇུས་ཐག་བཏོན་ཡོད། ཉེ་སྔོན་རང་སྐྱོང་ལྗོངས་ཀྱིས་ཀྱང་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་བཏོན་ཡོད། རེ་བར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཞིང་འབྲོག་ཚན་རིག་ཞིབ་འཇུག་གི་གལ་ཆེའི་གནས་བབ་དང་ནུས་པར་ངོས་འཛིན་གང་ལེགས་ཐུབ་པ་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བཅས་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི “སྟེགས་བུ་གཏོད་པ་དང་། ཆེད་དམིགས་རྣམ་གྲངས་འགག་སྒྲོལ་བྱེད་པ། གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྱབ་གདལ་རྒྱ་ཆེར་གཏོང་བ ”བཅས་ཀྱི་ཚན་རྩལ་ལས་དོན་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཞིང་འབྲོག་ལས་ཀྱི་ཚན་རྩལ་དེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རིག་ཞིབ་འཇུག་དང་གྲུབ་འབྲས་ཉེར་སྤྱོད་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་རྩ་དོན་དུ་བྱས་ཏེ་སྤུས་ལེགས་ཞིང་ལས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་བྱེད་པ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་པའི་ལྟེ་བའི་ལས་འགན་དེར་དམིགས་ནས་རང་ལྗོངས་ཀྱི་འབྲུ་རིགས་ལ་ལོ་ལེགས་བརྟན་པོ་ཡོང་བ་དང་། འབྲོག་ལས་ལ་འཕེལ་རྒྱས་ཆེན་པོ་ཡོང་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་སོགས་གཙོ་གནད་ལས་འགན་དམ་འཛིན་ནན་པོ་བྱས་ཏེ་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་། ལམ་སྲོལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཞིང་འབྲོག་ཚན་རིག་ལག་རྩལ་དངོས་འབྲེལ་ཁོང་དུ་ཆུད་ཐུབ་པ་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་གལ་ཆེའི་རྟེན་གཞི་བསྐྲུན་རྒྱུ་དང་། “ཐོན་ལས་དང་པོ་གོང་མཐོར་གཏོང་རྒྱུ ” ཞིང་འབྲོག་པའི་ཡོང་འབབ་འཕར་བ་བཅས་ཀྱི་ཆེད་ཚན་རིག་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།