ཁྲེན་ཆོན་གོས་བོད་ལྗོངས་ཀྱི་གྲོང་ཚོའི(གྲོང་མི་ཨུ་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་རྒྱུའི་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གནང་བ།
ཟླ་6ཚེས་10ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་རྒྱུའི་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་འགྲོ་བྱེད་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་དང་ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་རྒྱུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་ཆེད་དུ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཆོན་གོས་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ནི་གྲོང་ཚོའི (གྲོང་མི་ཨུ་ལྷན )འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་པ་དང་། གྲོང་གསེབ་ཀྱི་གཞི་རིམ་དུ་ཏང་གིས་སྲིད་འཛིན་པའི་རྐང་འཛིན་པ། གྲོང་ཚོའི (གྲོང་མི་ཨུ་ལྷན )འཕེལ་རྒྱས་དང་བརྟན་ལྷིང་གི་འགག་རྩ་བཅས་ཡིན། དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིས་ཕུགས་བསམ་དང་དད་སེམས་བརྟན་པོ་དང་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན། མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ། མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད། འགལ་ཟླ་དང་རྩོད་གླེང་སེལ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་དཔུང་ཁག་ནི་དད་སེམས་སྲུང་བ་དང་། ལེགས་སྐྱེས་ལ་སྣང་ཆེན། འཇོན་ཐང་ཡོད་པ། སྤྱོད་ཚུལ་ལ་སྣང་ཆེན་བཅས་ཀྱི་གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་ཕུལ་བྱུང་ཞིག་དང་ཏང་དང་སྲིད་གཞུང་གིས་རྦད་དེ་བློས་འགེལ་ཆོག་པ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ་རེད།
ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་རྒྱུ་ནི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ཅིག་དང་། ཏང་དང་སྲིད་གཞུང་གིས་གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ནུས་ལྡན་གྱི་དམ་འཛིན་བྱ་གཞི་ཞིག སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ནུས་ལྡན་གྱི་བྱེད་ཐབས་ཤིག སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་བཟང་པོ་ཞིག་བཅས་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་རྒྱུའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཅ་ཆིང་ལིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱར་གཞིགས་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འདེམས་རྒྱུའི་ལས་དོན་གཏིང་ཟབ་ལ་ཞིབ་ཅིང་ཕྲ་བའི་ངང་སྒྲུབ་སྟེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཁྲེན་ཆོན་གོས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་དུ་བྱེད་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་དང་། ཡང་དག་པའི་མི་སྤྱོད་ཀྱི་ཁྲིད་སྟོན་འཛུགས་པ། ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཕུལ་བྱུང་ཁྲོད་ནས་ཤང་གྲོང་གཞུང་ལས་པ་གདམ་གསེས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་ཞིང་།
གཅིག་ནས་འདེམས་རྒྱུའི་ཆ་རྐྱེན་མཐའ་འཁྱོངས་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། འཇོན་ཐང་ཆེ་ཙམ་ལྡན་པ། སྤྱོད་ཚུལ་ལེགས་པ། དངོས་ཡོད་གྲུབ་འབྲས་མངོན་གསལ་དོད་པ་བཅས་འདེམས་རྒྱུའི་གཞི་རྩའི་ཆ་རྐྱེན་ལ་བརྩིས་ནས་འདེམས་བསྐོ་བྱས་པའི་ལས་བྱེད་པས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་རྩ་དོན་གྱི་གནད་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། དར་ཆ་གསལ་སྟོན། བྱ་སྤྱོད་བློ་ཐག་ཆོད་པོ། བདེན་ཡོད་སྤོབས་ཆེ་བཅས་ཀྱི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་བྱེད་པའི་འགན་ལེན་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་མཁས་པ་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་མཁས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱེད་མཁས་པ་བཅས་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་དང་། སྤྱོད་གཙང་གཞུང་དྲང་། སྤྱོད་ལམ་ཡག་པོ། སྤྱོད་ཚུལ་ཏན་ཏིག གཞུང་དྲང་ཚུལ་མཐུན། རང་གཅུན་ནན་པོ་བཅས་བྱས་ཏེ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་སུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་ཐུབ་པ་བཅས་བྱེད་དགོས་པ་དང་།
གཉིས་ནས་ཡོངས་བསྒྲགས་དང་དྲང་གཞག་མཐའ་འཁྱོངས་བྱེད་དགོས་ཤིང་། བརྒྱུད་རིམ་ཚད་ལྡན་ཡོང་རྒྱུ་ནན་སྲུང་གིས་དམངས་གཙོས་འོས་སྦྱོར་བྱེད་པ་དང་། སྒྲིག་འཛུགས་ཀྱིས་རྟོག་ཞིབ་བྱེད་པ། ཡོངས་བསྒྲགས་ངང་བརྡ་ཁྱབ་གཏོང་བ། བསྡུས་ནས་ལས་བགོས་རྒྱག་པ་སོགས་ལ་གཞིགས་ནས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དྲང་གཞག་དང་སྤུས་ཚད་འགན་ལེན་ཐུབ་པ་བྱེད་དགོས་ཤིང་། ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ངང་འདེམས་བསྐོ་བྱས་ནས་འདེམས་པའི་ལས་དོན་ཕྱི་གསལ་ནང་གསལ་དང་ཡོངས་བསྒྲགས་རང་བཞིན་ཆེ་རུ་བཏང་ནས་འདེམས་རྒྱུའི་ལས་དོན་ཐད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཞུགས་དབང་། གདམ་ག་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་མཐོ་རུ་གཏོང་བ་དང་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ལེགས་འདེམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་འདེམས་སྤྱོད་ལ་ཀུན་གྱི་ཡིད་ཆེས་ཐོབ་ཚད་ཆེ་རུ་གཏོང་དགོས་པ། དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་པ་སྟེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་དམངས་གཙོ་རྒྱ་ཆེར་གཏོང་རྒྱུ་དེ་འདེམས་་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས་དམངས་གཙོའི་ངང་འོས་སྦྱོར་དང་། དམངས་འདོད་ཚོད་ལེན་ཚོད་ལྟ། དམངས་གཙོའི་ངང་དཔྱད་གླེང་བཅས་བྱེད་པའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་ལས་བྱེད་པ་བསྐོ་སྤྱོད་ཀྱི་ཇུས་ཐག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། གོང་རིམ་རྩ་འཛུགས་སྡེ་ཚན་གྱིས་སྒྲིག་བཤེར་དང་ལྟ་ཞིབ་སྡེ་ཚན་དང་མཉམ་དུ་འདེམས་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་སྦྲགས་མང་ཚོགས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྨྱན་སྦྱོར་གྱི་གླེང་ཕྱོགས་ལྟ་སྐུལ་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་འདེམས་རྒྱུའི་ལས་དོན་གྱི་དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ལ་སྐུལ་འདེད་གཏོང་དགོས་པ།
གསུམ་ནས་ཁྲིད་སྟོན་ཁ་ཕྱོགས་ཡག་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ད་ཐེངས་ཀྱི་འདེམས་བསྐོ་བྱ་རྒྱུ་དེ་སྤྱོད་ལམ་ལ་སྣང་ཆེན་དང་། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས། དངོས་འཛིན་ལ་དད་སེམས། གཞི་རིམ་ལ་སྣང་ཆེན། གསར་གཏོད་ལ་ལྕག་སྐུལ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་མི་སྤྱོད་ཁ་ཕྱོགས་ཤིག་བཏོད་དེ་གཞུང་དྲང་ཅན་ལ་གྱོང་མ་རག་པ་དང་གཞི་རིམ་གྱི་ལས་བྱེད་པར་གྱོང་མ་རག་པ་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཐག་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ཡུན་རིང་ལས་ཀ་བྱེད་པ་དང་། འཇོན་ཐང་ཅུང་ཆེ་བ། གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་དུས་ཐོག་ཏུ་འགོ་ཁྲིད་ཀྱི་ལས་གནས་ཐོག་འདེམས་བསྐོ་བྱས་ནས་ལས་ཀ་དངོས་འབྲེལ་བྱེད་འདོད་མཁན་ཚོར་སྟེགས་བུ་ཡོད་པ་དང་། ལས་ཀ་བྱེད་ཐུབ་མཁན་ལ་སྟེགས་བུ་ཡོད་པ། ལས་ཀ་གྲུབ་ཐུབ་མཁན་ལ་གོ་གནས་ཡོད་པ་བཅས་བྱེད་དགོས་པ།
བཞི་ནས་སྒྲིག་ཁྲིམས་ནན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་རྒྱུའི་ལས་དོན་སྲོལ་ཡིག 》དང 《གཞུང་ཞབས་པའི་བཅའ་ཁྲིམས 》དང་དེ་བཞིན་འབྲེལ་ཡོད་ཁྲིམས་སྲོལ་ཡིག་ཆ་ལག་བསྟར་ནན་པོ་བྱས་ཐོག་རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་སོགས་སྒྲིག་ཁྲིམས་ཁག་གི་བླང་བྱ་ནན་ལ་གསལ་པོ་ཡོང་བ་བྱས་ཏེ་ངོ་ཆེན་ཞུ་བའི་སྤྱོད་ཚུལ་དང་། འབྲེལ་བར་བལྟ་བའི་སྤྱོད་ཚུལ། དཔོན་གནས་ཡོང་ཐབས་ཀྱི་འབྲེལ་བ་བྱེད་པ་དང་དཔོན་གནས་སློང་བའི་སྤྱོད་ཚུལ་བཅས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་། ཉེ་ཕྱོགས་གཡོ་སྦྱོར་བྱེད་པ། མི་བདེན་བདེན་བཟོ་བྱེད་པ། གསང་དོན་ཕྱིར་བསྒྲགས་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱོད་གཞི་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་གྱོད་གཞི་རེ་ཞིབ་བཤེར་ཐག་གཅོད་བྱེད་རིམ་བཞིན་མི་ཁག་གཅིག་ལ་འཇིགས་སྣང་སྐྱེས་པ་དང་ཡུག་གཅིག་ལ་སློབ་གསོ་ཐེབས་པ་བྱེད་དགོས་པ།
ལྔ་ནས་ལམ་སྲོལ་ཆགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ད་ཐེངས་ཀྱི་འདེམས་རྒྱུའི་ལས་དོན་གོ་སྐབས་སུ་བྱས་ནས་གྲོང་ཚོའི (གྲོང་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་གསོ་སྦྱོང་དང་དཔྱད་ཞིབ་ལམ་སྲོལ་དང་དེ་བཞིན་གཞི་རིམ་དང་ཐོན་སྐྱེད་འཐབ་ས་དང་པོ་ནས་ཕུལ་བྱུང་ལས་བྱེད་པ་འདེམས་པའི་ལམ་སྲོལ་བཙུགས་ནས་ལོ་ལྟར་མི་སྣ་ཁག་གཅིག་འདེམས་བསྐོ་བྱེད་པ་དང་། མི་སྣ་ཁག་གཅིག་རྗེས་གྲབས་བྱེད་པ། མི་སྣ་ཁག་གཅིག་གསོ་སྦྱོང་བྱེད་པ་བཅས་བྱས་ཏེ་གཞི་རིམ་འཐབ་ས་དང་པོའི་ཏང་སྲིད་ལས་བྱེད་པ་གསོ་སྦྱོང་དང་འདེམས་བསྐོ་བྱེད་པའི་སྦྲེལ་ཐག་ཅིག་དངོས་འབྲེལ་བཏོད་ནས་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ་དང་གཞི་རིམ་ལ་སྣང་ཆེན་བྱེད་པའི་ཁྲིད་སྟོན་ཁ་ཕྱོགས་ཤིག་བཙུགས་ཏེ་གཞི་རིམ་ལས་བྱེད་པ་སེམས་རྣལ་ལ་ཕབ་ཐུབ་པ་དང་། ལས་ཀ་ཡག་པོ་སྒྲུབ་ཐུབ་པ། སྐོར་སྐྱོད་བཅས་བྱེད་ཐུབ་པའི་འགན་ལེན་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པ་བཅས་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣