ཟླ་6ཚེས་7ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཐུན་མོང་ཐོག་གྲོས་མོལ་བྱས་པ་དང 《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གྲོས་མོལ་སྐོར་གྱི་ཟིན་བྲིས་གནད་བསྡུས 》ལ་མཚན་རྟགས་བཀོད་པ་རེད། ཟིན་བྲིས་གནད་བསྡུས་ཀྱི་ནང་དོན་གཞིར་བཟུང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ངང་འཁོར་སྐྱོད་བྱ་རྒྱུའི་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་གཞོན་པ་ལི་ཅུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི་དང་ལི་ཅུན་སོ་སོས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཚབ་ཞུས་ཏེ 《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གྲོས་མོལ་སྐོར་གྱི་ཟིན་བྲིས་གནད་བསྡུས 》ལ་མཚན་རྟགས་བཀོད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་འགན་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ལྗོངས་ནང་གི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་ལྷུ་ལག་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཁྲོད་ཀྱི་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན། ད་ཐེངས་མཚན་རྟགས་བཀོད་པའི 《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གྲོས་མོལ་སྐོར་གྱི་ཟིན་བྲིས་གནད་བསྡུས 》དེ་ནི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2010ལོར 《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བསམ་འཆར་འགའ་ཞིག 》བཏོན་རྗེས་ལས་རིགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། རེ་བར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་འགྲོ་བར་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས 《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གྲོས་མོལ་སྐོར་གྱི་ཟིན་བྲིས་གནད་བསྡུས 》ལ་མཚན་རྟགས་བཀོད་པ་དེ་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁའ་ལམ་དྲ་བ་ཁྱབ་ཚུལ་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ནོར་ཁྲལ་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ། “ཁ་བྲལ་ཐབས་མེད་པ ”དང “མི་བརྟེན་པའི ”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།
ལི་ཅུན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་བར་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡོད་ལ་བོད་ཀྱི་འཕེལ་རྒྱས་ཁྲོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་ནུས་པ་སྔར་བས་མངོན་གསལ་དོད་པར་འགྱུར་རྒྱུ་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རང་སྐྱོང་ལྗོངས་དང་གཞོགས་འདེགས་དམ་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་མཁའ་འགྲུལ་བདེ་འཇགས་འགན་ལེན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མཁའ་ལམ་དྲ་བ་རྒྱ་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་རྒྱུན་བསྲིང་གཉེར་སྐྱོང་ལ་སྐུལ་མ་གཏོང་བ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཕྱིར་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་ས་ཁུལ་དང་གྲོང་ཁྱེར་ཁག་དང་དེ་བཞིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་མཁའ་འགྲུལ་ཀུང་སི་ཁག་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད།
ཟླ་6ཚེས་6ཉིན་གྱི་ཕྱི་དྲོ་པད་མ་འཕྲིན་ལས་ཀྱིས་ལི་ཅུན་དང་བཅས་པ་དང་མཇལ་འཛོམས་གནང་བ་དང་ཆིན་དབྱི་ཀྲི་དང་། ཨོ་ལོ་བུ་ཆུང་། ཀའོ་དབྱང་སོགས་མཇལ་འཛོམས་ནང་ཞུགས་པ་རེད།