དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བྱམས་པ་ཕུན་ཚོགས་ཀྱིས་རིམ་གསུམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་7ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་བཅས་ཀྱི་འཐུས་མིའི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་གཟིགས་ཞིབ་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་དང་། ལྗོངས་མི་དམངས་འཐུས་ཚོགས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་300ཡི་ཚབ་ཞུས་ནས་འཐབ་ཕྱོགས་དང་པོར་དཀའ་སྤྱད་འབད་བརྩོན་བྱེད་མཁན་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་ནས་དུས་ཡུན་རིང་པོའི་ནང་ཁོང་ཚོས་ལས་གནས་བརྟན་པོར་སྲུང་བ་དང་ཟོལ་མེད་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཧྲན་ལི་དང་ཀྲའོ་ཀྲེང་ཤིའུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིང་རྩ་བསྟན་འཛིན་ཆོས་གྲགས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་ལི་ཀྲའོ་བཅས་གཟིགས་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

        བྱམས་པ་ཕུན་ཚོགས་དང་བཅས་པས་སྔ་རྗེས་སུ་བར་སྐོར་གྱི་དམིགས་བསལ་ལས་སྒྲུབ་ས་ཚིགས་དང་། བར་སྐོར་མངགས་གཏོང་ཁང་དང་བར་སྐོར་ལས་སྒྲུབ་ས་ཚིགས། གཡུ་ཐོག་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཀུན་བདེ་གླིང་མངགས་གཏོང་ཁང་བཅས་སུ་ཕེབས་ཏེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་འདེགས་ཞུ་ཚུལ་དང་བརྟན་ལྷིང་སྲུང་སྐྱོང་དང་ཉེས་ཟོན་སྔོན་འགོག་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ནས་ལས་སྒྲུབ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོར་ཁ་བཏགས་གཡོགས་གནང་བ་རེད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གྲ་སྒྲིག་བྱས་པའི་དམངས་བདེའི་དཔེ་དེབ་དང་། སྨན་སྒམ་ཆུང་གྲས། གསོ་རླུང་བླུགས་སྣོད་སོགས་དམངས་བདེའི་སྒྲིག་ཆས་དང་དེ་བཞིན་གྲོང་མི་དང་ཕྱི་ནས་ཡུལ་སྐོར་དུ་ཡོང་མཁན་ཚོས་བསྐྱལ་བའི་དར་ཚོན་ཐོག་བྲིས་པའི་བསྔགས་བརྗོད་ཡི་གེ་གཟིགས་རྗེས་རིམ་གསུམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་རེད།

        ཞིབ་ཚགས་ལ་ནུས་ལྡན་གྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དང་སྒྲིག་བཀོད་འཐུས་ཚང་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་རིམ་གསུམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོར་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་ཚོས་རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་ཡོད་པས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་གསུངས་པ་རེད། ཉེ་བའི་ལོ་ཤས་རིང་ཚང་མས་ཉིན་མཚན་བལྟོས་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་དེ་དག་ཚང་མ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མིག་གིས་མཐོང་ཞིང་བློ་རུ་འཛིན་ཐུབ་པ་བྱུང་ཡོད། ཁྱེད་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ངལ་དུབ་ལ་མི་འཛེམས་པ་དང་། དམག་འཐབ་མུ་མཐུད་རྒྱག་པའི་སྤྱོད་ཚུལ། ཡང་འབད་བསྐྱར་འབད། ལས་དོན་ཏན་ཏིག་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཞི་བདེ་བརྟན་ལྷིང་ཡོང་ཕྱིར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། རྒྱ་ཆེའི་ལས་སྒྲུབ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་མི་རིགས་ཁག་གི་མང་ཚོགས་ཚོའི་སྐྱིད་སྣང་ལྡན་པའི་གཟུགས་བཪྙན་དང་སྤྲོ་སྣང་ལྡན་པའི་འཛུམ་མདངས་མཐོང་སྐབས་དཀའ་ལས་ག་ཚོད་ཁག་ཀྱང་ཚང་མ་བྱེད་རིན་ཡོད་པ་ཞིག་རེད་ཅེས་མགྲིན་གཅིག་ཏུ་བཤད་པ་རེད།

        གཟིགས་ཞིབ་གནང་རིང་བྱམས་པ་ཕུན་ཚོགས་དང་བཅས་པས་ད་དུང་གཞི་རིམ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོ་དང་བཞུགས་མོལ་གནང་ཞིང་། འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་རྗེས་བྱམས་པ་ཕུན་ཚོགས་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་300ཡི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྔར་ནས་ད་བར་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱ་རྒྱུའི་ལས་འགན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་། འབད་བརྩོན་ལྡབ་བརྒྱ། བྱེད་ཐབས་ཞིབ་ཕྲ། སྒྲིག་འཛུགས་ཞིབ་ཚགས་བཅས་ལ་བརྟེན་ནས་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་འདི་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བར་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་མིག་སྔར་རང་ལྗོངས་སུ་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་རུང་ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཐག་རིང་ནས་གཅིག་རམ་གཅིག་འདེགས་བྱེད་པ་དང་། “བྱུར་རྐྱེན ”བོད་དུ་སློང་རྒྱུའི་རེ་ངན་འཆང་བ། ལྷ་སར “སྐད་གྲགས་ཆོད་པའི ”ཆག་སྒོ་སློང་རྒྱུའི་ལྐོག་གཡོ་གཤོམ་པ་བཅས་བྱས་ནས་རང་ལྗོངས་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་ཡག་པོར་གཏོར་བཤིག་གཏོང་གི་ཡོད། ཚང་མས་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་བཅས་ཀྱི་ཁར་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་དྲ་བ་ཅན་གྱི་དོ་དམ་་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སེམས་འགུགས་ཐབས་བྱེད་པ་དང་མཐུན་སྒྲིལ་བྱེད་ཐུབ་རིགས་ཀྱི་སྟོབས་ཤུགས་མཐའ་དག་གཅིག་ཏུ་སྒྲིལ་བ་དང་དགྲར་འཛིན་མཁན་ཉུང་ཤས་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྡུང་རྡེག་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས་ཤིང་། གཅིག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་བརྟན་པོར་འཛུགས་པ་དང་། ཕྱོགས་མིའི་མི་འབོར་ལ་ཞབས་འདེགས་དང་དོ་དམ་བྱེད་པ་སོགས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ནས་ཡོང་མཁན་གྱི་ཐོ་འགོད་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཀའི་ཁྲོད་མི་ཆོས་ལྡན་པའི་སེམས་ཁུར་བྱེད་ལུགས་གང་ལེགས་མངོན་པ་བྱེད་དགོས་པ་དང་། གཉིས་ནས་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ། ཉེན་རྟོག་པ་ནན་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་རང་ངོས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་དཔུང་ཁག་གི་འཐབ་ནུས་ཆེ་རུ་གཏོང་དགོས་པ། གསུམ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་འགོག་མཉམ་བཅོས་ཀྱི་བྱ་སྤྱོད་ནང་ཞུགས་རྒྱུ་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་མི་དམངས་ཉེན་རྟོག་པ་དང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ། མཉམ་འབྲེལ་འགོག་སྲུང་རུ་ཁག་སོགས་ཐུན་མོང་ཐོག་ཞུགས་པའི་ལངས་གཟུགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་ཅིག་ཆགས་པ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་བྱ་ཡུལ་དུ་སྲུབ་ཁ་མ་ལུས་པ་དང་། གྲིབ་ཆ་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལྕགས་རི་རིང་པོ་ཞིག་བརྟན་པོར་བསྐྲུན་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།