རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་བོད་དམག་ཁུལ་ཁང་གི་དམག་དཔུང་ལོ་རྒྱུས་ཁང་གི་སྒོ་ཟླ་6ཚེས་6ཉིན་དངོས་སུ་ཕྱེ་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས་སོགས་སྒོ་ཕྱེ་བའི་མཛད་སྒོར་ཕེབས་པ་དང་འབྲེལ་དར་ཚོན་ཡང་བྲེགས་གནང་བ།
བོད་དམག་ཁུལ་ཁང་བཙུགས་ནས་ལོ་60འཁོར་བའི་སྐབས་འདིར་ཟླ་6ཚེས་6ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་བོད་དམག་ཁུལ་ཁང་གི་དམག་དཔུང་ལོ་རྒྱུས་ཁང་དངོས་སུ་སྒོ་ཕྱེ་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལང་ཡིའུ་ལེའང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་བཅས་དམག་དཔུང་ལོ་རྒྱུས་ཁང་སྒོ་ཕྱེ་བའི་མཛད་སྒོར་ཕེབས་པ་དང་འབྲེལ་དར་ཚོན་བྲེགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབྱང་ཅིན་ཧྲན་གྱིས་དམག་དཔུང་ལོ་རྒྱུས་ཁང་སྒོ་ཕྱེ་བའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་དམག་དཔུང་ལོ་རྒྱུས་ཁང་གི་ལས་གྲྭའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
ལོ་རྒྱུས་ཁང་སྒོ་ཕྱེ་བའི་མཛད་སྒོ་དེ་སྒམ་བརླིང་ལྡན་པའི 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི 》ཁྲོད་འགོ་བཙུགས་ཡོད།
བྱམས་པ་ཕུན་ཚོགས་ཀྱིས་ཤིས་ཚིག་གསུང་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་དམག་ཁུལ་ཁང་བཙུགས་ནས་ལོ་60འཁོར་བ་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་བོད་དམག་ཁུལ་ཁང་གི་དམག་དཔུང་ལོ་རྒྱུས་ཁང་སྒོ་ཕྱེ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བོད་ཞི་བའི་བཅིངས་འགྲོལ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་སྐབས་ཁྲག་བཏོན་དམར་འཛིང་བྱེད་པ། དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་བཅས་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོར་སྙིང་དབུས་ནས་དྲན་གསོ་གནང་བ། དམག་དཔུང་ལོ་རྒྱུས་ཁང་སྒོ་འབྱེད་པའི་མཛད་སྒོར་ཞུགས་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་དང་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་བོད་སྡོད་དཔོན་དམག་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་བཅས་རེད།
བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་བོད་དམག་ཁུལ་ཁང་གི་དམག་དཔུང་ལོ་རྒྱུས་ཁང་ནི་དཔུང་སྡེའི་ལོ་རྒྱུས་རྒྱུན་འཛིན་བྱེད་པའི་གཞི་རྟེན་དང་། འབད་འཐབ་ཀྱི་བྱས་རྗེས་སྟོན་པའི་སྐར་ཁུང་། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བའི་གཡུལ་ས། བསམ་ཕྱོགས་སློབ་གསོ་རྒྱ་བསྐྱེད་བྱེད་པའི་སློབ་ཁང་བཅས་ཤིག་ཡིན་པས་དཔུང་སྡེའི་སྙིང་སྟོབས་འཕེལ་བར་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་རིག་གནས་གཡུལ་ས་འཛུགས་སྐྱོང་བྱེད་པའི་སྤུས་རྟགས་འདུ་འགོད་གཞན་ཞིག་ཀྱང་ཡིན་སྟབས་ང་ཚོར་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། སྲོལ་རྒྱུན་དར་སྤེལ་གཏོང་བ། གཅིག་རྒྱུད་གཅིག་འཛིན་བྱེད་པ། ཏང་དང་དམག་དཔུང་གི་ལོ་རྒྱུས་དང་། རྒྱལ་གཅེས་རིང་ལུགས། རྒྱལ་སྲུང་བཅས་ཀྱི་སློབ་གསོ་རྒྱག་པར་སྟེགས་བུ་ཧ་ཅང་ཡག་པོ་ཞིག་བསྐྲུན་ཡོད། དམག་དཔུང་ལོ་རྒྱུས་ཁང་གིས་སྙིང་དོན་ཟབ་མོ་དང་། ཕུན་སུམ་ཚོགས་པའི་བཤམས་སྟོན། སྔོན་ཐོན་གྱི་དོ་དམ། ཞབས་ཞུ་རྩེ་གྲ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམག་དམངས་ལ་འོད་སྟོང་འབར་བའི་ལོ་རྒྱུས་བརྟན་པོར་ངེས་པ་དང་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་དམག་ཁུལ་ཁང་གི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་འབད་འབུངས་ལྷོད་མེད་བྱེད་པ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་མ་ཟམ་མི་ཆད་པར་གཏོང་ངེས་རེད་ཅེས་བསྟན་གནང་བ་རེད།
ལང་ཡིའུ་ལེང་གིས་ཤིས་ཚིག་གསུང་སྐབས་དེང་སྐབས་ཀྱི་དམག་དཔུང་ལོ་རྒྱུས་ཁང་གི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་ཁྲོད་ཀྱི་སློབ་གསོའི་བག་ཆགས་བཟང་པོ་ཐེབས་ནུས་དང་། དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གི་ལོ་རྒྱུས་ཀྱི་དཔྱད་གཞིར་འཛིན་ནུས། གསར་བརྗེའི་ལས་འགན་སྒྲུབ་པའི་ནང་གི་སྐུལ་ལྕག་གཏོང་ནུས། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནང་གི་ཁྲིད་ཕྱོགས་དང་གོང་བུ་སྒྲིལ་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་རེ་སྒུག་ཟབ་མོ་བརྟན་པོར་ངེས་པ་དང་། ཕྲག་སྟེང་དུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་བརྟན་པོར་ངེས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་གཏོང་བ། དམག་ཁུལ་ཁང་གི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ཐོག་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་། བརྒྱད་གཅིག་དམག་དར་ལ་སླར་ཡང་བཀྲག་མདངས་གསར་པ་སྣོན་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ། དམག་ཁུལ་ཁང་གི་དཔུང་སྡེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཆེད་དུ་བརྗིད་ཉམས་ལྡན་པའི་ལེའུ་གསར་པ་མུ་མཐུད་རྩོམ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
མཛད་སྒོ་མཇུག་འགྲིལ་རྗེས་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས་དང་བཅས་པས་ད་དུང་དམག་དཔུང་ལོ་རྒྱུས་ཁང་དུ་གཟིགས་སྐོར་གནང་བ་རེད།