དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་ལ་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དྭ་ཕྲུག་ཚོས་དངོས་འབྲེལ་ཚོར་བ་བྱས་ནས་ཁོང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཁྲེན་ཆོན་གོས་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་ཞིག་ཡིན། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པའི་དྭ་ཕྲུག་ལ་དེ་བས་མང་བའི་སེམས་ཁུར་དང་། རོགས་རམ། རྒྱབ་སྐྱོར་བཅས་བྱེད་དགོས། དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། དམངས་ཀྱི་ཆེད་དུ་ཏང་འཛུགས་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་བྱ་སྤྱོད་དངོས་ཤིག དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་གཏོད་པའི་དངོས་ཡོད་ཀྱི་བླང་བྱ་ཞིག བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་བཅས་ཡིན། 2011ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་དྭ་ཕྲུག་5085ཡོད་པའི་ནང་ནས་གཅིག་སྡུད་འཚོ་སྐྱོང་བྱེད་པའི་མི་གྲངས་1115དང་ཁ་ཐོར་འཚོ་སྐྱོང་བྱེད་པའི་མི་གྲངས་3970ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཅ་ཆིང་ལིན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་སྔར་བས་ཆེ་རུ་བཏང་སྟེ་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་དང་དྲོ་སྐྱིད་སྦྱིན་ལུགས་དྭ་ཕྲུག་ཚོས་ཚོར་བ་བྱས་ནས་དྭ་ཕྲུག་ཚང་མ་བྱིས་པ་གཞན་དང་འདྲ་བར་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        དེའང་གཅིག་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་དེ་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་བཅུག་པ་དང་གལ་ཆེའི་གནས་བབ་ཐོག་བཞག་ནས 《རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་དམངས་སྲིད་ཐིང་ལ་བརྒྱུད་སྤེལ་བྱས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་བརྡ་ཐོ 》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལོ་རེ་བཞིན་ནོར་སྲིད་ཀྱི་གཏོང་ཆ་མང་དུ་གཏོང་བ་དང་དྭ་ཕྲུག་གི་ཕན་བདེའི་འགན་ལེན་འགྲོ་གྲོན་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ཁོང་ཚོའི་གཞི་རྩའི་འཚོ་བ་ས་གནས་དེ་གའི་ཆ་སྙོམས་འཚོ་བའི་ཆུ་ཚད་ལས་མི་དམའ་བ་བྱེད་དགོས་པ་དང་། དྭ་ཕྲུག་གི་བདག་སྐྱོང་དང་། སློབ་གསོ། སྨན་བཅོས། བདེ་ཐང་སླར་གསོ། ལས་ཞུགས་སོགས་ཕྱོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ནས་རིམ་གྱིས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་ལུགས་ཅན་བཅས་སུ་འགྱུར་བ་བྱས་ཏེ་དྭ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱེད་པར་ཆ་རྐྱེན་བཟང་པོ་ཞིག་བཏོད་དེ་ལྗོངས་ཡོངས་ཀྱི་དྭ་ཕྲུག་5085ཚང་མར་ལྟོ་ཟ་རྒྱུ་ཡོད་པ་དང་། གོས་གྱོན་རྒྱུ་ཡོད་པ། སློབ་གྲྭར་འགྲོ་རྒྱུ་ཡོད་པ། ནད་གཞི་ཕོག་སྐབས་སྨན་བཅོས་ཐུབ་པ། སློབ་གྲྭ་ཐོན་རྗེས་ལས་ཀ་ཡོད་པ་བཅས་དངོས་འབྲེལ་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པ།

        གཉིས་ནས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་རོགས་སྐྱོབ་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་མངོན་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕྲུ་གུར་བྱམས་སྐྱོང་དང་དྭ་ཕྲུག་ལ་ལྟ་སྐྱོང་བྱེད་པའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་བཏང་སྟེ་དྭ་ཕྲུག་རྣམས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་རོགས་སྐྱོབ་བྱེད་སྒོར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། དེའི་ནང་ཧུར་ཐག་ཞུགས་པ་དང་། རང་འགུལ་ངང་དྭ་ཕྲུག་དང་རོགས་སྐྱོར་ཆ་སྒྲིག་གིས་བསམ་པ་རྣམ་དག་ངང་རོགས་སྐྱོབ་བྱེད་པ་དང་། ཟོལ་མེད་བརྩེ་དུང་ལ་བརྟེན་ནས་བྱམས་སྐྱོང་བྱས་ཏེ་ཁོང་ཚོའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་དང་། ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་ཡོང་བ། མིའི་ཐོབ་ཐང་དང་ལ་རྒྱར་དགོས་ངེས་ཀྱི་བརྩི་འཇོག་ཐོབ་པ། ལུས་སེམས་འཚར་ལོངས་ལ་སྲུང་སྐྱོང་ལྷག་པར་ཐོབ་པ་བཅས་ཀྱི་ཞི་མཐུན་ཁོར་ཡུག་ནང་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་པ་བྱེད་དགོས།

        གསུམ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱེད་དགོས་ཤིང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་འོག་སྤྱི་ཚོགས་དེའི་ནང་ཞུགས་པའི་ལམ་སྲོལ་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་དངུལ་དང་དངོས་པོ་ཞལ་འདེབས་འབུལ་བ་དང་། འོས་འགན་ལས་ཀ་བྱེད་པ། དང་བླངས་པའི་བྱེད་སྒོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ནང་ཞུགས་པ་དང་དེར་རྒྱབ་སྐྱོར་བྱ་རྒྱུའི་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་པ། དྭ་ཕྲུག་ལ་གཅེས་སེམས་མཚོན་པར་བྱེད་པ་དང་། དྭ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། བྱིས་པའི་ཕན་བདེའི་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་དུས་བསྟུན་ངང་གཟེངས་བསྟོད་བྱེད་དགོས་པ། གསར་འགྱུར་སྨྱན་སྦྱོར་ཁག་གིས་ནུས་ཤུགས་ཡོད་རྒུས་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་། དཔེ་མཚོན་དྲིལ་བསྒྲགས་ཀྱིས་རྣམ་པ་ཞིག་ཆགས་པ་བྱེད་པ། དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ལ་མི་ཚང་མས་མཐོང་ཆེན་བྱེད་པ་དང་། མི་ཚང་མས་རྒྱབ་སྐྱོར་བྱེད་པ། མི་ཚང་མ་ཞུགས་པ་བཅས་ཀྱི་རྣམ་པ་ཞིག་བཏོད་དེ་མི་ཚང་མས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་ལ་ལེགས་སྐྱེས་འབུལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།