ཟླ་5ཚེས་27ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་2012ལོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཤིང་། མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་རག་སྡིས་དང་དབྱིན་ཧྥ་ཐང་ཚོགས་འདུར་ཞུགས་པ་དང་མཐུན་ཚོགས་ཀྱི་ཚོགས་གཙོ་མའོ་རུའུ་པེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཚའོ་ཙེ་ཆང་གིས་ལས་འཛིན་ལྷན་ཚོགས་ལ་2011ལོའི་ལས་དོན་ཕྱོགས་སྡོམ་དང་2012ལོའི་ལས་དོན་འཆར་གཞི་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་2011ལོའི་ལས་དོན་ཕྱོགས་སྡོམ་དང་2012ལོའི་ལས་དོན་འཆར་གཞིར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
ཚོགས་འདུའི་ཐོག་རག་སྡིས་ཀྱིས་དགྱེས་ཚོར་ཆེན་པོས་དེ་རིང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ན་ནིང་མཐུན་ཚོགས་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱེད་ཚོས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ལ་སྐུ་ལས་ཀྱང་མང་པོ་བསྐྱོན་ཡོད། སླད་ཕྱིན་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་མུ་མཐུད་འབད་བརྩོན་ཆེན་པོས་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དབྱིན་ཧྥ་ཐང་གིས་ཁྱེད་ཚོས་སྔར་ནས་ད་བར་བོད་དང་། བོད་ཀྱི་འཕེལ་རྒྱས། བོད་ཀྱི་མི་རབས་རྗེས་མ་བཅས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་ཆབས་ཅིག་བོད་ལ་ལེགས་སྐྱེས་ཕུལ་ཡོད། འདི་ལོའི་མཐུན་ཚོགས་ཀྱི་ལས་དོན་ལ་གྲུབ་འབྲས་སྔར་བས་ཆེན་པོ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
མའོ་རུའུ་པེ་ཡིས་ང་ཚོས་མཐུན་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་སྦྲགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།