དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཀྱི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་པད་མ་འཕྲིན་ལས་ཀྱིས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་5ཚེས་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་དུ་ཆེད་མངགས་ཕེབས་ནས་རང་སྐྱོང་ལྗོངས་ཀྱི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་རུ་མི་ཚོར་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་ཡངས་ཤིང་རྒྱ་ཆེ་བའི་གཞི་རིམ་གྱི་ས་གཞི་ཆེན་པོའི་ཐོག་སློབ་སྦྱོང་སྦྱོང་བརྡར་དང་ཤེས་རྒྱ་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་བདེ་སྐྱིད་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གཟིགས་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་དང་བཅས་པ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོ་དང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོ་དང་། བཅིངས་འགྲོལ་གྲོང་ཚོ། རྒྱལ་སྨན་གྲོང་ཚོ། བཀྲ་ཤིས་གྲོང་ཚོ། ཁྲང་དཀར་གྲོང་ཚོ་བཅས་སུ་སྔ་རྗེས་སུ་ཕེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་ལས་དོན་པ་ཚོས་གཞི་རིམ་དུ་གཞི་བཙུགས་ཏེ་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ནས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཆུ་བེད་འཛུགས་སྐྲུན་དང་། ཕྱུགས་རིགས་གསོ་ཚགས། རྩལ་ནུས་གསོ་སྦྱོང་སོགས་ཐུང་སྙོམས་མགྱོགས་གསུམ་གྱི་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཕུལ་ནས་གཞི་རིམ་གྱི་འཕྲོད་བསྟེན་ཁང་དང་སློབ་ཁྲིད་ས་ཚིགས་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། “གྲོང་ཚོ་རེ་ལ་སྤུས་རྟགས་རེ་ཡོད་པའི ”སྤུས་ལེགས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བཅས་བྱས་པས་མང་ཚོགས་ཚོའི་དགའ་བསུ་དང་གུས་བཀུར་ཆེན་པོ་ཐོབ་ཡོད། ལྷག་པར་དུ་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ནས་བརྟག་དཔྱད་དང་ཞིབ་འཇུག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་མཉམ་དུ 《ཁྲང་དཀར་གྲོང་ཚོའི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་རྩ་གནད 》བཟོས་ཏེ་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཚོར་རང་བརྟེན་ལས་ལམ་གསར་གཏོད་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲུབ་འབྲས་ཁག་དུས་ཐོག་སྲ་བརྟན་དུ་གཏོང་རྒྱུའི་འགན་ལེན་ཐུབ་ནས་གྲོང་མི་ཚོས་བྱ་གཞག་གསར་གཏོད་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་གྲོང་ཚོ་མཉམ་སྡེབ་དང་སྒེར་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཡུན་རིང་གསོན་ཤུགས་འཕེལ་ཐུབ་པ་བྱུང་ཡོད།

        པད་མ་འཕྲིན་ལས་ཀྱིས་མཁྱེན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་འདོན་སྤེལ་གྱིས་ཞིང་འབྲོག་པར་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་ཧུར་ཐག་བྱེད་པ་དང་། ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་སེར་ཚོར་དངུལ་སྨར་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཚོར་དངོས་འབྲེལ་དངོས་ཕན་ཐོབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། པད་མ་འཕྲིན་ལས་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ཐད་དོ་ཁུར་ཆེན་པོ་གནང་ནས་གང་དུ་ཕེབས་ཀྱང་ས་གནས་དེ་གའི་མང་ཚོགས་ཚོར་སློབ་གསོ་ཐེབས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་གི་ཡོད། གྲོང་ཚོ་ཚང་མར་སློབ་ཆེན་སློབ་མ་བཅུ་ཡན་ཡོད་པ་མཁྱེན་རྗེས་པད་མ་འཕྲིན་ལས་དགྱེས་ཚོར་ཆེ་ལ་ཐུགས་བློ་བདེ་པོ་བྱུང་ཞིང། ཁོང་གིས་ལྷོ་ཁ་ས་ཁུལ་གྱིས་སློབ་གསོར་དམ་འཛིན་ཡག་པོ་བྱས་པའི་འགག་རྩ་ནི་རྒྱ་ཆེའི་མང་ཚོགས་ཚོའི་སློབ་གསོའི་འདུ་ཤེས་ཆེ་བས་ཡིན། སློབ་གསོ་ནི་མི་རིགས་དར་རྒྱས་དང་འབྲེལ་བ་ཡོད་པ་དང་། མི་དམངས་བདེ་སྐྱིད་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ངེས་པར་དུ་རང་འགན་གཙང་སྒྲུབ་ཀྱིས་སློབ་གསོར་ཞབས་འདེགས་ཡག་པོ་ཞུ་དགོས་པ་སྟེ་འཁྱགས་དུས་གོས་དང་ལྟོགས་དུས་ཟས་བསྐྱལ་ཐོག་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་སློབ་སྦྱོང་བྱ་རྒྱུ་ལེགས་གྲུབ་ཡོང་རོགས་བྱས་ཏེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་ཆེན་སློབ་མ་གཅིག་ཀྱང་སློབ་མཚམས་ཆད་དུ་མི་བཅུག་པར་སྤྱི་ཚོགས་ལ་དེ་བས་མང་བའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་ལས་དོན་པ་ཚོས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་ཆེད་དུ་ལས་དོན་ཡག་པོ་སྒྲུབས་པ་དང་། མིག་སྔ་དང་ཕུགས་གཉིས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གར་འཕེལ་རྒྱས་དང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་རོགས་བྱེད་པ། གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ཡག་པོ་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་འདེམས་ཧྲག་སྒྲུག་བྱེད་པ་བཅས་དང་། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་། མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་རྒྱ་ཆེའི་མང་ཚོགས་ཚོའི་སྙིང་ཁོངས་རུས་པའི་གཏིང་དུ་མཚོན་པར་བྱེད་པ་དང་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཏན་ཏིག་ངང་ཚོར་བ་བྱེད་པ། མང་ཚོགས་ལ་སློབ་གསོ་གཏོང་རྒྱུ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་ངོ་བོ་གསལ་པོ་ཤེས་པ་དང་ཏཱ་ལའི་རུ་ཚོགས་དང་རང་རྟོགས་ངང་འཐབ་རྩོད་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དབར་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཉམས་མྱོང་ཡག་པོ་སློབ་སྦྱོང་བྱས་ནས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་གཟུགས་བཪྙན་ཡག་པོ་ཞིག་གཏོད་པ། ས་ཁུལ་དང་། རྫོང་། ཤང་བཅས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་གྲོང་ཚོར་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་ནས་མང་ཚོགས་ཚོའི་སྙིང་ཉེ་བ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

        “དྲུག་གཅིག ”བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་པད་མ་འཕྲིན་ལས་དང་བཅས་པས་རྟོག་ཞིབ་གནང་རིང་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་ཆེད་མངགས་ཕེབས་ནས་གྲོགས་པོ་ཆུང་ཆུང་ཚོ་དང་དགེ་རྒན་ཚོར་གཟིགས་པ་རེད།

        སློབ་ཁྲིད་ས་ཚིགས་ཀྱི་སྒོ་རའི་ནང་དགེ་རྒན་ཚོས་ཀྲུའུ་ཞི་པད་མ་འཕྲིན་ལས་ལ་བསྐོར་བ་དང་། པད་མ་འཕྲིན་ལས་ཀྱིས་དགེ་རྒན་ཚོའི་དཀའ་སྤྱད་ལས་བརྩོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དགེ་རྒན་ཚོས་བརྩེ་སེམས་དེ་བས་ཆེ་བ་བཅངས་སྟེ་བྱིས་པ་ཚོར་གཅེས་སྐྱོང་ཡག་པོ་དང་གསོ་སྐྱོང་ཡག་པོ་བྱས་ནས་བྱིས་པ་ཚང་མར་བདེ་སྐྱིད་ལྡན་པའི་བྱིས་པའི་དུས་ཤིག་ཡོད་པ་བྱེད་དགོས་པའི་ཐུགས་རེ་ཆེན་པོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།