ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་133པ་འཚོགས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཆེད་དོན་ཇུས་འདྲིའི་ལས་དོན་གྱི་ཇུས་གཞི་དང་། གྲོང་ཁྱེར་མི་རིགས་ལས་དོན་གྱི་ཆེད་དོན་བརྟག་ཞིབ་སྤེལ་བའི་སྐོར་གྱི་ཇུས་གཞི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས 》 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས 〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས 》ཀྱི་ཁྲིམས་འཛིན་ཞིབ་བཤེར་གྱི་ཇུས་གཞི་བཅས་ལ་ཞིབ་འཇུག་བྱས་ཤིང་། ཚོགས་འདུའི་ཐོག་ཟླ་བ་ལྔ་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་གྲོང་ཁྱེར་མི་རིགས་ལས་དོན་གྱི་ཆེད་དོན་བརྟག་ཞིབ་དང་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས་དང་དེ་བཞིན་ཁྲིམས་འཛིན་ཞིབ་བཤེར་གྱི་ལག་བསྟར་བྱེད་ཐབས་ལ་མོས་མཐུན་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་ལྷོ་ཁའི་འཐུས་མི་ཚོགས་པའི་བཀྲ་ཤིས་དགྲ་འདུལ་སོགས་འཐུས་མི་བཅུས་མཉམ་དུ་མིང་བཀོད་ནས 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་སྐུལ་འོས་དཔོད་བཅའ་ཁྲིམས 〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་མགྱོགས་མྱུར་བཟོ་རྒྱུའི 》གྲོས་གཞི་བཏོན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པ་བརྒྱུད་གྲོས་གཞིའི་ནང་རང་ལྗོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དང་ལྷག་པར་དུ་འོས་སྐུལ་འོས་དཔོད་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་བཏོན་པ་དང་ལག་བསྟར་བྱེད་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་རྒྱུ་དགོས་གལ་ཆེ་ལུགས་བཏོན་ཡོད་པས་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་རེད།
ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་འགོག་བཅའ་ཁྲིམས 》ལག་བསྟར་བྱས་ཚུལ་དང་དུག་འགོག་ལས་དོན་སྤེལ་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་ཉན་པ་དང་བརྟག་ཞིབ་སྙན་ཞུའི་ནང་མིག་སྔར་རང་ལྗོངས་ཀྱིས་ལག་བསྟར་བྱས་པའི་དུག་འགོག་བཅའ་ཁྲིམས་དང་དུག་འགོག་ལས་དོན་གྱི་གྲུབ་འབྲས་སྒོ་ཀུན་ནས་མངོན་པ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དུག་འགོག་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་བཏོན་པའི་ཐོག་བསམ་འཆར་དང་གྲོས་འགོ་ཡག་པོ་ཡང་བཏོན་པའི་ངོས་འཛིན་བྱས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བརྟག་ཞིབ་དང་འདེམས་བསྐོའི་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཉིས་ཀྱིས་རུ་སྣེ་འཁྲིད་ནས་དུས་ཡུན་ཟླ་བ་གཅིག་རིང་ས་གནས (གྲོང་ཁྱེར )དྲུག་དང་། རྫོང་25 ཤང་གྲོང་32བཅས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་དཔྱད་གཏིང་ཟབ་བྱས་ཡོད། བརྟག་ཞིབ་སྙན་ཞུའི་ནང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གླེང་ཁར་ལྷག་པའི་གནད་དོན་དང་དཀའ་ངལ་དབྱེ་ཞིབ་བྱས་པའི་ཐོག་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་དང་འབྲེལ་བརྟག་ཞིབ་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་པའི་ངོས་འཛིན་ཡང་བྱས་པ་རེད།