ཁྲེན་ཆོན་གོས་ལྷོ་ཁའི་བཀྲ་ཤིས་དོ་ཁ་དགོན་གྱི་དགེ་འདུན་པ་ཡོངས་ལ་འཕྲིན་ལན་བསྐུར་གནང་བ།
ན་ནིང་ནས་བཟུང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེའི་ཁྲོད “གཅིག་དྲུག ”གི་བྱེད་སྒོ་སྤེལ་བ་དང་། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལག་བསྟར་བྱེད་པ། སྒྲིག་ཁོངས་ཡོད་པའི་དགེ་འདུན་ལ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ། ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་པས་རྒྱ་ཆེའི་གྲྭ་བཙུན་གྱི་སེམས་ནང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་ནས་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཉེ་ཆར་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་བཀྲ་ཤིས་དོ་ཁ་དགོན་གྱི་དགེ་འདུན་པ་ཡོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལ་འཕྲིན་ཡིག་ཕུལ་ཏེ་དགའ་ཚོར་ཆེན་པོས་དགོན་སྡེའི་འགྱུར་ལྡོག་ཆེན་པོ་སྙན་སེང་ཞུས་པ་དང་ཏང་དང་། སྲིད་གཞུང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
འཕྲིན་ཡིག་འབྱོར་རྗེས་ཁྲེན་ཆོན་གོས་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྐུ་ངོ་མས་བཀྲ་ཤིས་དོ་ཁ་དགོན་གྱི་དགེ་འདུན་པ་ཡོངས་ལ་འཕྲིན་ལན་བསྐུར་གནང་སྟེ་ཁོང་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་དེ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་རྒྱུ་ཡིན་ལུགས་གསུངས་པ་དང་ཁོང་ཚོར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བླ་མ་སྐྱེས་ཆེན་རིམ་བྱུང་གི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་སྲུང་ཁྲིམས་སྲུང་། དགེ་སྒྲུབ་སྡིག་སྤོང་། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཧུར་ཐག་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་བཟང་པོ་ཞིག་བྱས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
འཕྲིན་ཡིག་གཉིས་པོའི་ནང་དོན་ཆ་ཚང་གཤམ་གསལ།
བཀྲ་ཤིས་དོ་ཁ་དགོན་གྱི་དགེ་འདུན་གྲོགས་པོ་ཚོ།
ཁྱེད་ཚོ་སྐུ་ཁམས་བཟང་། ཁྱེད་ཚོས་བསྐུར་བའི་ཡི་གེ་འབྱོར་བྱུང་། རང་ལྗོངས་སུ་ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ལྗོངས་ཡོངས་ཀྱི་དགོན་སྡེ་ཉིན་བཞིན་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་དུས་བབ་ཧ་ཅང་བཟང་པོ་བཅས་ཀྱི་འོག་ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་བས་ཧ་ཅང་དགའ་པོ་བྱུང་། ང་དང་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཁྱེད་ཚོས་སྨོན་འདུན་བཟང་པོ་ཞུས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁྱེད་ཚོས་འཕྲིན་ཡིག་ནང་རང་རེའི་དགོན་སྡེ་དེ་ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་། ཐུགས་ཁུར། གཅེས་སྐྱོང་། རོགས་རམ་བཅས་ཀྱི་འོག་དགོན་སྡེའི “གཅིག་དྲུག ”བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང “དགོན་སྡེར་ཡོད་པ་དགུའི ”འདུ་འགོད་སྔོན་ལ་ལེགས་གྲུབ་བྱུང་བ (གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། འགྲོ་ལམ། ཆུ། གློག རླུང་འཕྲིན་བཪྙན་འཕྲིན། གློག་བཪྙན། དཔེ་དེབ་ཁང་། ཚགས་པར་བཅས་ཡོད་པ )དང་། སྨན་བཅོས་དང་རྒན་གསོ་འགན་བཅོལ་ཁྱོན་ཡོངས་ནས་ཁྱབ་པ། སྨན་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བཅས་བྱུང་ཡོད་ཅེས་འཁོད་འདུག ཁྱེད་ཚོའི་འཚོ་བ་དང་། སློབ་སྦྱོང་། ཐོས་བསམ་བཅས་ཀྱི་ཁོར་ཡུག་ཇེ་ཡག་དང་དགོན་སྡེའི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་བས་ང་སྙིང་དབུས་ནས་དགའ་ཚོར་ཆེན་པོ་བྱུང་།
ཁྱེད་ཚོའི་དགོན་སྡེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དེ་ནི་ལྗོངས་ཡོངས་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་པའི་ལས་ཀའི་བསྡུས་རིས་ཤིག་རེད།
དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་བཞེས་གནང་བའི་འབྲས་བུ་ཡིན་ལ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་པའི་འབྲས་བུའང་རེད། རང་རེའི་ཏང་དང་སྲིད་གཞུང་གིས་སྔར་ནས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་རབ་དང་རིམ་པ་གནང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་མཛུབ་ཁྲིད་ནུས་ལྡན་གནང་ཡོད། ན་ནིང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེདགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་ལྗོངས་ཡོངས་ཀྱི་དགོན་སྡེའི་ཁྲོད “གཅིག་དྲུག ”གི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལག་བསྟར་བྱེད་པ། སྒྲིག་ཁོངས་ནང་ཡོད་པའི་གྲྭ་བཙུན་ལ་སྤྱི་ཚོགས་རྒན་གསོ་འགན་བཅོལ་མངོན་འགྱུར་བྱུང་བ། སྨན་བཅོས་འགན་བཅོལ་ཡོངས་སུ་ཁྱབ་པ་བཅས་དང་། མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔ་བྱེད་དགོས་རིགས་ལ་འགན་ལེན་ཐུབ་པ། གྲྭ་བཙུན་ལ་སྨན་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་བ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱིས་སྤྱི་དམངས་ཀྱི་ཁེ་དབང་དང་ཁེ་ཕན་ལོངས་སྤྱོད་ཏན་ཏིག་ཐུབ་ཐོག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བ་རེད།
ཁྱེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུས་ཏེ་སྙིང་དབུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། སེམས་འགུལ་ཐེབས་པ། དྲིན་ཚོར་བ་བཅས་དང་། རྒྱལ་གཅེས་ཆོས་གཅེས་དང་སྒྲིག་སྲུང་ཁྲིམས་སྲུང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་ཀྱི་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་འདུག བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ལ་སྔར་བས་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁྱེད་ཚོའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། “དྲུག་གཅིག ”གི་བྱེད་སྒོ་རྒྱུན་གཏན་ངང་སྤེལ་བ། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྨན་བཅོས་དང་རྒན་གསོ་འགན་བཅོལ་ཁྱོན་ཡོངས་ནས་ཁྱབ་པའི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔ་བྱེད་དགོས་རིགས་ལ་འགན་ལེན་ཐུབ་པ་བྱེད་པ། ཁྱེད་ཚོའི་སེམས་ཁྲལ་རྩ་བའི་ཐོག་ནས་སེལ་བ་བཅས་བྱས་ཐོག་རྒྱ་ཆེའི་གྲྭ་བཙུན་ལ་རྒས་དུས་འཚོ་བརྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་ངལ་སེལ་བ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་སུ་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན་པས་ཁྱེད་ཚོ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་རྣམས་བློ་བདེ་པོ་གནང་རོགས།
ཁྱེད་ཚོ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་གོ་སྐབས་སྟངས་འཛིན་དང་ཁོར་ཡུག་བཟང་པོར་གཅེས་སྤྲས་ཀྱིས་བླ་མ་སྐྱེས་ཆེན་རིམ་བྱུང་གི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་སྲུང་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་པ། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བྱ་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་གྱི “རབ་བྱུང་བ་བྱེད་སྐབས་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུ་མི་བརྗེད་པ་དང་ཐོས་བསམ་བྱེད་སྐབས་འགྲོ་བ་ལ་ཕན་པ་འདོགས་རྒྱུ་མི་བརྗེད་པའི ”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ། ཏང་དང་སྲིད་གཞུང་དང་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་དང་། བློ་གཅིག་ཕྱོགས་གཅིག བློ་གཅིག་སྤྱོད་གཅིག་བཅས་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཞི་མཐུན་འདུ་ཤེས་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་དགོན་པའི་སྒྲིག་སྲོལ་དང་སྡོམ་ཁྲིམས་རང་རྟོགས་ངང་སྲུང་བ། བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེ་སྒོམ་པ་དང་རྒྱལ་སྐྱོང་འགྲོ་ཕན་བྱེད་པ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་དགེ་བ་ཕུན་སུམ་ཚོགས་པར་སྒྲུབ་པའི་ཆོས་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དད་པས་རྩ་བར་བྱེད་པ་དང་ཚུལ་ཁྲིམས་ཀྱིས་གཞི་མར་བྱས་ཏེ་ཉམས་ལེན་ལ་ཤུགས་སྣོན་བརྒྱབ་ནས་བློ་སྦྱོང་ལེགས་སུ་གཏོང་བ་དང་། གཞན་ལ་སྡིག་སྤོང་དགེ་སྒྲུབ་ཀྱི་བསླབ་བྱ་བྱེད་པ། མི་རྣམས་དགེ་བའི་ཕྱོགས་ལ་གཞོལ་རྒྱུར་ཁྲིད་སྟོན་བྱེད་པའི་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ། བོད་བརྒྱུད་ནང་བསྟན་གྱིས་དམངས་ལ་བདེ་བ་ཡོང་བའི་རེ་སྨོན་བྱེད་པ་དང་། ཞི་མཐུན་ཡོང་རྒྱུར་གཙིགས་ཆེན་བྱེད་པ། མི་སེམས་འདུལ་བ། ཚེ་སྲོག་ལ་གཅེས་སྤྲས། གཏུམ་སྤྱོད་ལ་ངོ་རྒོལ་པ། ཞི་བདེར་བསྟོད་པ་བཅས་ཀྱི་ཡར་ཐོན་གྱི་བསམ་བློ་དར་སྤེལ་ཧུར་ཐག་བཏང་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་དང་བློ་བརྟན་འགྱུར་མེད་ངང་འཐབ་རྩོད་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ། ཁྱོན་ཡོངས་བརྟན་ལྷིང་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཐོག་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་བསྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཁྲེན་ཆོན་གོས།
2012ལོའི་ཟླ་5ཚེས་13ཉིན།
གུས་བཀུར་འོས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་མཆོག་ལ།
སྐུ་ཁམས་བཟང་།
སྐུ་ཉིད་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་ཐུགས་འགན་བཞེས་རིང་དགོན་པར་འཛུགས་སྐྲུན་དྲུག་དང་། གཅིག་དྲུག ཡོད་པ་དགུའི་ལས་དོན་སྤེལ་བར་བརྟེན་ང་ཚོའི་དགོན་པའི་དགེ་འདུན་པའི་དོན་དངོས་དཀའ་ངལ་མང་དག་ཅིག་ཐག་གཅོད་ཐུབ་པ་དང་དགོན་པའི་རྨང་གཞིའི་སྒྲིག་བཀོད་ལ་སྔར་བས་ལེགས་བཅོས་བྱུང་བ་དང་། གྲྭ་བཙུན་གྱི་འཚོ་བ་དང་དཔེ་ཆ་སྦྱོང་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་དགོན་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ང་ཚོ་དགའ་སྤྲོ་ཆེན་པོ་དང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། སྐུ་ཉིད་ནས་ང་ཚོར་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བྱམས་སྙིང་རྗེ་དགོངས་པ་དང་འགྲོ་དྲུག་བདེ་ལ་འགོད་པ་ནི་ང་ཚོ་ནང་བསྟན་ལས་རིགས་མི་སྣའི་དམིགས་ཡུལ་གཙོ་བོ་དང་དོན་གཉེར་བྱ་ཡུལ་གཙོ་བོ་ཡིན། ང་ཚོས་སྐྱིད་པོ་རྒྱགས་པ་དང་སྙན་གྲགས་ལ་ཞེན་ཆགས་མི་བྱེད་པར་འཚོ་བའི་ཁོར་ཡུག་དང་དཔེ་ཆ་སྦྱོང་བའི་ཆ་རྐྱེན་ཡག་པོ་ཞིག་ཡོང་བའི་འདུན་པ་འབའ་ཞིག་བཅངས་ཀྱི་ཡོད། ང་ཚོས་ཧྲུའུ་ཅི་ཁྱེད་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་སྐུ་ཉིད་ནས་ང་ཚོར་བདེ་སྐྱིད་སྤྲད་གནང་བ་དང་ང་ཚོའི་སྐོམ་པ་ཆུ་འདོད་ཀྱི་རེ་བ་མངོན་འགྱུར་གནང་ཡོད་ལ་རྒྱལ་ཁབ་ཀྱི་ཕུལ་བྱུང་ལས་བྱེད་པ་དགོན་པར་མངགས་གཏོང་གནང་ནས་གྲྭ་བཙུན་དང་ལས་བྱེད་དབར་སེམས་མཐུན་གྲོགས་པོ་འགྲིག་པ་དང་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བཤད་པ། མིག་མཐོང་ལག་ཟིན་གྱིས་ང་ཚོའི་ཆེད་དུ་བྱ་བ་དངོས་གྲུབ་པ་དང་། གྲྭ་ཤག་ཏུ་ཕེབས་ནས་ལྟ་སྐྱོང་སེམས་གསོ་གནང་བ་དང་། གྲྭ་བཙུན་གྱི་སེམས་ལ་བསམས་པའི་ཕྱག་ལས་མང་དག་གནང་ནས་ད་ཆ་དགོན་པའི་རྣམ་པ་གསར་རྐྱང་དུ་འགྱུར་ཡོད།
སྲིད་གཞུང་གིས་ཐུགས་རྗེའི་རྒྱབ་སྐྱོར་འོག་ད་ལྟ་དགོན་པའི་མཐའ་འཁོར་གང་སར་ལྕང་ཤིང་བཙུགས་པ་དང་། དགོན་པ་དང་གྲྭ་ཤག་ལ་གློག་འཁྲིད་པ། དགོན་པའི་ལམ་ཁར་ཨར་འདམ་བཏིང་བ། དྭངས་གཙང་གི་ཆུ་ཀ་ལ་བེད་སྤྱོད་བྱ་རྒྱུ་བྱུང་བ། ད་དུང་ང་ཚོར་གཙོ་འཛིན་གྱི་སྐུ་པར་དང་རྒྱལ་དར། ཚགས་པར། རླུང་འཕྲིན་དང་བཪྙན་འཕྲིན་གློག་བཪྙན་བཅས་སྐྱེལ་བ། རིག་གནས་དཔེ་ཁང་དང་བྱེད་སྒོ་སྤེལ་གནས་སྐྲུན་གནང་བ་དང་ད་ཆ་ང་ཚོ་ཕྱིར་སྐྱོད་དང་། འཐུང་ཆུ། གློག་བེད་སྤྱོད་བཅས་གང་ཅིར་དེ་སྔ་དང་བསྡུར་ན་ཆ་རྐྱེན་དེ་བས་ལེགས་པ་དང་དེ་བས་སྟབས་བདེ་ཡོད་ཁར་ཁོར་ཡུག་དེ་བས་སྐྱིད་སྣང་དོད་པ་དང་རྒྱུན་གཏན་གྱི་འཚོ་བ་དེ་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
ང་ཚོའི་བློ་ཡུལ་ལས་འདས་པ་ནི་ཏང་དང་སྲིད་གཞུང་གིས་བྱམས་སྙིང་རྗེ་དང་ང་ཚོའི་འཚོ་བར་དོ་ཁུར་གནང་སྟེ་སྨན་བཅོས་འགན་བཅོལ་དང་རྒན་གསོ་འགན་བཅོལ་ཐག་གཅོད་གནང་བ་མ་ཟད་རིན་མི་དགོས་པར་གཟུགས་གཞིར་བརྟག་དཔྱད་བྱས་པ། འཚོ་བའི་ཐད་དཀའ་ངལ་ཡོད་པའི་དགེ་འདུན་པ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དུ་བཅུག་པ། མི་སྣ་སྒྲིག་འཛུགས་ཀྱིས་བོད་ཀྱི་ལོ་གསར་ལ་ང་ཚོར་འཚམས་འདྲི་གནང་བ་སོགས་དགེ་བའི་ལས་དེ་དག་གི་ཐོག་ནས་ང་ཚོའི་འབྱུང་འགྱུར་གྱི་དཀའ་གནད་དང་སེམས་ཁྲལ་སེལ་གནང་བས་ང་ཚོས་བློ་བདེ་བག་ཕེབས་ཀྱིས་ཐོན་བསམ་བྱས་ཆོག་ལ་ད་ལྟའི་བྱ་བ་དངོས་དེ་དག་ལས་ང་ཚོར་ཏང་དང་སྲིད་གཞུང་གི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་བྱུང་། ང་ཚོའི་དགོན་པར་ཆ་བཞག་ན་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐབས་དང་པོའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཉམ་སྡེབ་དང་། ལྗོངས་རིམ་པ་དང་། ལྷོ་ཁ་ས་ཁུལ། སྣེ་གདོང་རྫོང་བཅས་རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་དགོན་སྡེར་འདེམས་ཐོན་བྱུང་ཡོད། མཚན་སྙན་དེ་དག་ཐོབ་པ་དེས་ཏང་དང་སྲིད་གཞུང་གིས་ང་ཚོར་ཡིད་ཆེས་དང་གདེང་འཇོག་གང་ལེགས་གནང་བ་མཚོན་ཡོད་པས་ང་ཚོའི་གཟི་བརྗིད་ཚད་མེད་ཡིན་སྙམ་གྱི་འདུག
རྗེས་སུ་ང་ཚོས་མཚན་སྙན་དང་གཟི་བརྗིད་ལ་གཅེས་སྤྲས་དང་དེ་བས་འབད་བརྩོན་ཆེར་བསྐྱེད་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་སྲུང་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུའི་ཆོད་སེམས་ཡོད།
བོད་ལྗོངས་ནི་གནའ་སྔ་མོ་ནས་མེས་རྒྱལ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་བ་དང་རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་ལྷོ་ཁ་ས་ཁུལ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།
སླར་ཡང་སྐུ་ཉིད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོ་གྲྭ་བཙུན་གྱི་འཚོ་བར་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བར་ཆད་མེད་པའི་གསོལ་འདེབས་ཞུ་རྒྱུ་མ་ཟད་ཧྲུའུ་ཅི་མཆོག་སྐུ་གཟུགས་གསལ་ཐང་དང་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་རྣམས་ལུས་བདེ་སེམས་སྐྱིད་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
གུས་འདུད་དང་བཅས།
ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་བཀྲ་ཤིས་དོ་ཁ་དགོན་པའི་ཕུར་བུ་དགྲ་འདུལ་དང་། བསྟན་འཛིན་ཐོགས་མེད། བསྟན་འཛིན་ཚེ་དབང་། ཟླ་ཆུང་། ཟླ་བ་བསྟན་འཛིན། ཟླ་བ། ཆོས་བཟང་། རྒྱ་མཚོ། བཀྲ་ཤིས་ཟླ་བ། རྡོ་རྗེ་རབ་བསྟན། ཉི་མ་རིག་འཛིན། ཕུར་བུ་ཚེ་རིང་། ཆུང་ཚེ་རིང་། དགྲ་འདུལ། ཀུན་དགའ། ཤེས་རབ་བསྟན་འཛིན། ཉི་བཀྲ སྤེན་པ། ཤེས་རབ་རྡོ་རྗེ།
སྤྱི་ལོ་2012ལོའི་ཟླ་5ཚེས་3ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣