དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • དཔྱིད་ཉམས་ལྡན་པའི་གནའ་གྲོང་ལྷག་པར་མཛེས། ཐུན་མོང་ཐོག་ཏུ་ཞི་མཐུན་གླུ་དབྱངས་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

             ཟླ་4ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་110བཀོད་འདོམས་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ནོར་བུ་གླིང་ག་སྤྱི་གླིང་སོགས་སུ་ཕེབས་ནས “ལྔ་གཅིག ”དུས་ཐུང་ངལ་གསོའི་རིང་གི་ལྷ་སའི་བདེ་འཇགས་སྲུང་སྐྱོང་དང་ཡུལ་སྐོར་སོགས་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཁྲེན་ཆོན་གོས་ནོར་བུ་གླིང་གར་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        “ལྔ་གཅིག ”དུས་ཐུང་ངལ་གསོའི་རིང་གནའ་གྲོང་ལྷ་སར་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་མེ་ཏོག་ཚོམ་བུ་རྣམ་པར་བཀྲ་བས་གང་ས་གང་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དུས་ཆེན་རིང་གི་ལྷ་སའི་བདེ་འཇགས་སྲུང་སྐྱོང་དང་ཡུལ་སྐོར་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་སྟེ་ཟླ་4ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་110བཀོད་འདོམས་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ནོར་བུ་གླིང་ག་སྤྱི་གླིང་བཅས་སུ་ཆེད་མངགས་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། བཅིངས་འགྲོལ་དམག་གི་དཔོན་དམག་བཅས་དང་དེ་བཞིན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཁར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

        རང་སྐྱོང་ལྗོངས་སྤྱི་བདེ་ཐིང་110བཀོད་འདོམས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་སུ་ཁྲེན་ཆོན་གོས་ལས་རེས་རེ་རེ་བཞིན་དང་ཕྱག་བཏང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོ་དང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་དཀའ་སྤྱད་ལས་བརྩོན་གནང་མཁན་གྱི་ལས་བྱེད་ལས་བཟོ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། བཅིངས་འགྲོལ་དམག་གི་དཔོན་དམག དྲག་ཆས་ཉེན་རྟོག་དང་སྤྱི་བདེའི་དམག་སྐུལ་དང་ལེན་ཞུ་བཞིན་པའི་དཔུང་སྡེ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁྲེན་ཆོན་གོས་ལྗོངས་ཡོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་དང་ལས་རེས་གྲ་སྒྲིག་གི་གནས་ཚུལ་སྙན་སེང་གསན་རྗེས་དུས་ཆེན་རིང་ལྗོངས་ཡོངས་སུ་མུ་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་པར་ཁྲེན་ཆོན་གོས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྟེ་བའི་ལས་དོན་དང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲིའི་སེམས་པ་དང་། ལས་འགན་སྒྲུབ་སེམས། ཉེན་ཁ་ཚོར་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། བག་མེད་ལྷོད་གཡེང་དང་དམག་རྒྱག་འདོད་མེད་པའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་རྒྱུན་གཏན་ཅན་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་རྒྱུན་གཏན་ཅན། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་རྒྱུན་གཏན་ཅན། བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་རྒྱུན་གཏན་ཅན་བཅས་མཐའ་གཅིག་ཏུ་ཐུབ་པ་བྱེད་པ། དོགས་ཟོན་ཆེར་བསྐྱེད་དང་གྲ་སྒྲིག་ཨང་བསར་གྱིས་གྲུབ་འབྲས་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱེད་པ། ཟླ་4ཚེས་28ཉིན་གྱི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ལོ་ཧྲིལ་པོར “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས་པའི ”དམིགས་ཚད་མངོན་གྱུར་བྱ་རྒྱུར་དམིགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བྱ་ཐབས་ཁག་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་ཡག་པོ་བྱེད་པ། སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། བརྟན་ལྷིང་གི་རྩ་བ་བརྟན་དུ་གཏོང་བ་དང་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ། ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཁྱོན་ཡོངས་ནས་བརྟན་ལྷིང་། ལོ་ཧྲིལ་པོ་བརྟན་ལྷིང་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

        དེ་རྗེས་ཁྲེན་ཆོན་གོ་ཡིས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ནས་དུས་ཆེན་རིང་གི་ལས་བྱ་དང་བདེ་འཇགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་རེད། “དུས་ཆེན་རིང་གི་ལས་རེས་བཀོད་སྒྲིག་ཇི་ལྟར་བྱས་ཡོད་དམ། མངའ་ཁོངས་དེ་ཆེ་ཆུང་གང་འདྲ་ཡོད་དམ། གནད་དོན་ཤེས་ཚེ་དུས་ཚོད་གང་ཞིག་གི་ནང་ཐག་གཅོད་བྱེད་ཀྱི་ཡོད་དམ། ད་ལྟའི་བདེ་འཇགས་གནས་ཚུལ་གང་འདྲ་ཡོད་དམ ”ཞེས་པ་ལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལས་རེས་ཀྲེན་ཀྲང་གིས་ང་ཚོའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་མངའ་ཁོངས་སྤྱི་ལེ་གྲུ་བཞི་མ་0.8ཡོད་པ་དང་ཐོལ་བྱུང་གནས་ཚུལ་ཐོན་ནས་སྐར་མ་གཉིས་ནང་ཚུན་དུ་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་ཐག་གཅོད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བེད་སྤྱོད་བྱེད་འགོ་ཚུགས་རྗེས་ཁོང་ཚོའི་མངའ་ཁུལ་གྱི་ཉེས་དོན་གྱོད་གཞི་92%ཉུང་དུ་ཕྱིན་ཡོད། ཁྲེན་ཆོན་གོས་མི་དམངས་ཉེན་རྟོག་པ་ཚོར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོར་གནས་ཡོད་པས་ངེས་པར་དུ་ཉེན་རྟོག་བཙུགས་པ་ནི་གཞུང་གི་ཆེད་ཡིན་པ་དང་། ཁྲིམས་འཛིན་པ་ནི་དམངས་ཀྱི་ཆེད་ཡིན་པ། རྩེར་སོན་གཏོད་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་དམངས་ལ་ཕན་འདོགས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ནུས་གཙོ་བོ་ཆེན་པོ་གཉིས་ལ་དམ་པོར་དམིགས་ནས་ཉེན་རྟོག་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རང་ཉིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ། ལས་སྒྲུབ་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ལག་རྩལ་སྒྲིག་བཀོད་ཐད་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཡང་བསྐྱར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།

        མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོར་ཞི་མཐུན་བརྟན་ལྷིང་གི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱེད་དགོས།

        ནོར་བུ་གླིང་ག་སྤྱི་གླིང་ནང་དུ་མེ་ཏོག་རྣམ་པར་བཀྲ་ཞིང་ཡུལ་སྐོར་བའང་ཤིན་ཏུ་མང་། སྤྱི་གླིང་གི་སྒོ་ཁར་ཁྲེན་ཆོན་གོས་ལས་སྒྲུབ་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་ཞིང་། ཁོང་གིས་དུས་ཆེན་རིང་བདེ་འཇགས་སྲུང་སྐྱོང་ལས་འགན་ལྕི་པོ་ཡོད་པ་ལ་བློ་མཐུན་ཚོས་ལས་གནས་བརྟན་སྲུང་དང་དཀའ་ངལ་ཁྱད་བསད་ཀྱིས་ལྷ་སའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་དུས་ཆེན་གྱི་རྣམ་པ་ཡག་པོ་གཏོད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས་རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁྱེད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། སྤྱི་གླིང་གི་འཛུལ་སྒོའི་འགྲམ་དུ་ཁྲེན་ཆོན་གོས་སྤྱི་གླིང་ནང་དུ་འཛུལ་སྐབས་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཟབ་མོ་གནང་ཞིང་། ཁོང་གིས་ལས་དོན་མི་སྣར་ངེས་པར་དུ་སྤྲོ་སེམས་ལྡན་ལ་ངང་རྒྱུད་རིང་བ་དང་ཞིབ་ཚགས་ཡིན་ལ་འགན་འཁྲི་འཁུར་བའི་སྒོ་ནས་ཡུལ་སྐོར་བར་སྟབས་བདེ་སྐྲུན་དགོས་པ་མ་ཟད། བདེ་འཇགས་འགན་ལེན་ཡང་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།

        སྒྱུ་རྩལ་ཐོན་རྫས་སྤུས་ལེགས་དང་ལྟ་ན་སྡུག་པའི་བཟོ་བཀོད་ཀྱིས་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་ཡོད། ཁྲེན་ཆོན་གོས་རང་འགུལ་ངང་མདུན་དུ་ཕེབས་ཏེ་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ཁོང་གིས་ལོ་64ལ་སོན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་འཇམ་དབྱངས་རིན་ཆེན་ལ “ཁྱིམ་གྱི་འཚོ་བ་ཇི་འདྲ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཐད་བསམ་འཆར་ག་རེ་ཡོད ”ཅེས་བཀའ་འདྲི་གནང་བར་འཇམ་དབྱངས་རིན་ཆེན་གྱིས “ང་ལ་ཟླ་བ་རེར་ལས་འཁྱུར་ངལ་གསོའི་དངུལ་སྒོར་4000ལྷག་ཙམ་ཡོད་ལ་ངའི་བུ་མོས་ཀྱང་འདི་ལོར་གཞུང་ལས་པར་རྒྱུགས་སྤྲོད་ཀྱི་ཡོད་པས་ཁྱིམ་མི་ཚང་མའི་འཚོ་བ་ཧ་ཅང་ཡག་པོ་ཡོད། འདི་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན ”ཞེས་ལན་བཏབ་པ་དང་ཁྲེན་ཆོན་གོས་འཇམ་དབྱངས་རིན་ཆེན་ལ་འདི་ལོའི་དགུན་ཁར་ལྷ་སའི་ཡུལ་མི་40%ཙམ་གྱིས་དྲོད་རླངས་སྤྱོད་ཐུབ་རྒྱུ་ཡིན་པ་དང་སང་ལོའི་དགུན་ཁར་ལྷ་སའི་ཡུལ་མི་ཚང་མས་དྲོད་རླངས་སྤྱོད་ཐུབ། ང་ཚོས་བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་གི་རྗེས་སུ་སྙེགས་ན་བོད་ཀྱི་མི་དམངས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་སུ་འགྲོ་ངེས་ཡིན་ཞེས་གསུངས་པ་རེད།

        “ཁྲེན་ཧྲུའུ་ཅི་ལགས། བོད་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་སྲིད་ཇུས་དངོས་གནས་ཡག་པོ་འདུག ”ཅེས་བོད་ལྗོངས་སློབ་ཆེན་ནས་ཡིན་པའི་སློབ་མ་གཉིས་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད་པར་ཁྲེན་ཆོན་གོས “བོད་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་སྲིད་ཇུས་འདི་ལྟར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་མ་ཟད། ད་དུང་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་རྒྱུ་ཡིན་པས་ཁྱེད་རང་ཚོས་དུས་ཚོད་དམ་འཛིན་གྱིས་འཇོན་ཐང་ཡག་པོ་ཁོང་དུ་ཆུད་པ་བྱས་ཏེ་སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད ”ཅེས་སྐུལ་ལྕག་གནང་བ་རེད།

        ལྟ་ན་སྡུག་པའི་མཛེས་ལྗོངས་དང་རྣམ་པར་བཀྲ་བའི་དཔྱིད་དཔལ་གྱིས་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་ཡོད། ཁྲེན་ཆོན་གོས་སྤྱི་གླིང་ནང་དུ་ལྟ་སྐོར་བྱེད་བཞིན་པའི་པེ་ཅིང་གི་ཡུལ་སྐོར་བ་འགར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་གནང་ཞིང་། ཁོང་གིས “བོད་ཀྱི་ཡུལ་ལྗོངས་མཛེས་སམ། ཁྱེད་རང་ཚོར་བདེ་འཇགས་ཀྱི་ཚོར་བ་སྐྱེས་སམ ”ཞེས་གསུངས་པར་ཡུལ་སྐོར་བ་ཀྲང་ཙུང་དབྱང་གིས་བོད་དུ་སླེབས་རྗེས་གཞི་ནས་བོད་ཀྱི་ཡུལ་ལྗོངས་ཇི་འདྲའི་ལྟ་ན་སྡུག་པ་དང་། རིག་གནས་ཇི་འདྲའི་ངོ་མཚར་ལྡན་པ། སྤྱི་ཚོགས་ཇི་འདྲའི་ཞི་མཐུན་ཡིན་པ། མི་དམངས་ཀྱི་འཚོ་བ་ཇི་འདྲའི་བདེ་སྐྱིད་ལྡན་པ་རྟོགས་ཐུབ། ཐེངས་འདིར་ལྷ་སར་ཡུལ་སྐོར་དུ་ཡོང་བར་དོན་སྙིང་ཆེན་པོ་འདུག་ཅེས་བཤད་པ་རེད།

        ཁྲེན་ཆོན་གོས་དགྱེས་ཚོར་ཆེན་པོའི་ངང་ཁོང་ཚོར “བོད་ཀྱི་མི་དམངས་ཚོས་ཀྱང་རྒྱལ་ཡོངས་མི་དམངས་དང་འདྲ་བར་མེས་རྒྱལ་དར་རྒྱས་ཡོང་བ་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ། མི་རིགས་ཁག་བར་མཐུན་སྒྲིལ་ཡོང་བ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད། ཁྱེད་ཚོས་བོད་དུ་མང་ཙམ་ཡོང་རྒྱུ་དང་། བོད་ཤེས་རྟོགས་མང་ཙམ་བྱེད་རྒྱུ། བོད་དྲིལ་བསྒྲགས་མང་ཙམ་བྱེད་རྒྱུ་བཅས་ཀྱི་རེ་བའང་ཡོད ”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།