དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧའོ་ཕུང་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ལི་ཀྲའོ་སོགས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཧའོ་ཕུང་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་110བཀོད་འདོམས་ལྟེ་གནས་སུ་འབྲེལ་ཡོད་གནས་ཚུལ་སྐོར་ལ་མཁྱེན་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་ཆེད་མངགས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཡིད་ཆེས་བརྟན་དུ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

        ཧའོ་ཕུང་དང་བཅས་པས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་རུ་ཕེབས་ནས་སྡོད་བྱའི་མི་དམངས་ཉེན་རྟོག་པ་དང་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་དང་བཀོད་འདོམས་ལྟེ་གནས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་སྤེལ་ཚུན་ལྷ་ས་གྲོང་ཁུལ་གྱི་བདེ་འཇགས་ཀྱི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། བདེ་འཇགས་ཀྱི་གྱོད་གཞི་ཐོན་ཚད་ཀྱང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་ཚོའི་ཞིབ་ཅིང་ཕྲ་བའི་དམངས་ཕན་ཞབས་ཞུར་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་པ་དང་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གོས་དར་ཕུལ་བ་དང་འཕྲིན་ཡིག་བསྐུར་ནས་ཐུགས་རྗེ་ཆེ་ཞུས་པའི་སྐོར་ངོ་སྤྲོད་བྱས་པ་རེད། གནས་ཚུལ་དེ་དག་གསན་རྗེས་ཧའོ་ཕུང་ཐུགས་སྤྲོ་པོ་བྱུང་ཞིང་། ཁོང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་པ་དེ་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་དངོས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འདུན་པ་དང་མཐུན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་བས་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྔར་བས་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་སོགས་ཀྱི་ཐད་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

        ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བ་དང་བཞུགས་མོལ་གནང་སྐབས་དང་ཐོག་ཧའོ་ཕུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་འདི་ལོ་ཚུན་གྱི་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཉེ་དུས་རིང་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་བཅས་ཀྱི་འོག་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ཐད་དམ་འཛིན་ལྷོད་མེད་བྱས་ཏེ་ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་སྟོབས་ཤུགས་གང་ཡོད་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ལྷག་པར་དུ་ཞིབ་ཕྲའི་ལས་དོན་ཁྲོད་འགོ་ཁྲིད་ཀྱིས་སྣང་ཆེན་དང་ནུས་ལྡན་ངང་སྒྲིག་འཛུགས་བྱེད་པ་དང་། དམངས་ཡོངས་ཞུགས་པ་དང་དམངས་ཡོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། གཙོ་གནད་འབུར་ཐོན་དང་བྱེད་ཐབས་དོན་གཉེར་བྱེད་པ། ནུས་ལྡན་ངང་གཅིག་གྱུར་འཆར་འགོད་བྱས་པ། སྤྱི་ཡོངས་ལ་དམིགས་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསར་གཏོད་བྱེད་ཕོད་པ། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བརྟན་དུ་གཏོང་བ་དང་བརྟན་ལྷིང་འཆམ་མཐུན་གྱི་རྣམ་པ་གཏོད་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་མཐུན་བྱས་པ་བརྒྱུད་ང་ཚོས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་ནས་འདི་ལོའི་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་དུས་མཚམས་ཀྱི་འཐབ་རྩོད་ལ་རྒྱལ་ཁ་གལ་ཆེན་ཐོབ་ཡོད། མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱས་ནས་ལྷ་ས་གྲོང་ཁྱེར་འདི་ཉིད་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་གལ་ཆེར་བརྩི་བ་དང་། རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དུས་བབ་ལ་སྔར་བས་གསལ་རྟོགས་བྱེད་པ། སྔ་ཕྱི་བར་གསུམ་དུ་རིག་པ་དྭངས་གསལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་གཏིང་ཟབ་རྟོགས་པ་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་གཞིའི་ལམ་སྲོལ་སྔར་བས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གོ་སྐབས་དམ་འཛིན་དང་ལེགས་ཆ་འདོན་སྤེལ་བྱེད་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་པ། བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། “མི་ཐོན་པ་གསུམ ”གྱི་དམིགས་ཚད་འགན་ལེན་བྱེད་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།