ཁྲེན་ཆོན་གོས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་དཔལ་ཆོས་ལ་འཕྲིན་ལན་བསྐུར་བ།
ན་ནིང་ཟླ་10པ་ནས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཚུན་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་སྲིད་འཛིན་གྲོང་ཚོ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་5451ལ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ཚོ་དང་མཉམ་བཟའ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་མི་དམངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། དཀའ་གནད་བསལ་བ། བྱ་བ་བཟང་པོ་བསྒྲུབས་པར་མི་རིགས་ཁག་གི་མང་ཚོགས་ཚོའི་བརྩི་བཀུར་ཟབ་མོ་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། མིག་སྔར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གློག་ཤུགས་ཆ་འཕྲིན་ལས་གྲྭའི་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་རིགས་སློབ་ཆེན་སློབ་མ་དཔལ་ཆོས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོར་འཕྲིན་ཡིག་བྲིས་ཏེ་རང་ཉིད་དགུན་ཁའི་དགུང་སེང་སྐབས་ཕ་ཡུལ་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ར་ཐང་ཤང་རྩིབ་གྲོང་ཚོར་ཕྱིར་ལོག་བྱེད་སྐབས་ཀྱི་མཐོང་ཐོས་མྱོང་ཚོར་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གྲོང་ཚོར་བཅའ་སྡོད་བྱས་རྗེས་ཕ་ཡུལ་ལ་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་སྙན་སེང་ཞུས་ཤིང་། འཕྲིན་ཡིག་འབྱོར་རྗེས་ཁྲེན་ཆོན་གོས་མཐོང་ཧ་ཅང་ཆེན་པོ་གནང་སྟེ་རང་ངོ་མས་འཕྲིན་ལན་བསྐུར་ནས་ཁོང་ལ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་ལ་རྒྱུན་བསྲིང་ངང་སྤེལ་རྒྱུ་ཡིན་པས་ཁྱེད་ཀྱི་ཕ་ཡུལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་དང་ཡུལ་མི་ཚོའི་འཚོ་བ་ཇེ་ཡག་ཇེ་ལེགས་སུ་འགྲོ་ངེས་རེད་ཅེས་གསུངས་ཡོད་པ་རེད།
འཕྲིན་ཡིག་གཉིས་ཀྱི་ནང་དོན་ཆ་ཚང་གཤམ་གསལ།
སློབ་མ་དཔལ་ཆོས་ལགས།
སྐུ་ཁམས་བཟང་། ཁྱེད་ཀྱིས་བསྐུར་བའི་འཕྲིན་ཡིག་ལག་འབྱོར་བྱུང་། ཁྱེད་ཀྱི་ཕ་ཡུལ་རྩིབས་གྲོང་ཚོ་དེར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རོགས་རམ་འོག་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། གྲོང་མིའི་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་འགྲོ་བཞིན་ཡོད་པ། མང་ཚོགས་ཀྱིས་ཏང་ལ་བརྩེ་དུང་ཟབ་མོ་བཅངས་པ་བཅས་བྱུང་བར་ངས་སེམས་གཏིང་ནས་ཁྱེད་རྣམ་པའི་ཆེད་དགའ་པོ་བྱུང་།
ཁྱེད་ཀྱིས་མཐོང་བའི་རྩིབ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནི་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5451གི་ཆ་ཞིག་ཡིན། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པ་དང་། རང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་སྲུང་བྱེད་པ་བཅས་ཀྱི་ཆེད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་ནས་ཟླ་བ་དྲུག་ནང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་2ལྷག་ཙམ་གྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་བྱེད་པ།
མཉམ་དུ་ངལ་རྩོལ་བཅས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི “ལས་ཞུགས་པ་དང་། སྨན་བཅོས། སློབ་གྲྭ་འགྲིམ་རྒྱུ ”བཅས་གསུམ་དང་། “སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་གཉིས ”“ལམ་ཤར་གཏོང་དང་། ཆུ་ཤར་གཏོང་། གློག་ཤར་གཏོང་། འཕྲིན་སྤེལ་ཤར་གཏོང་། སྦྲག་སྲིད་ཤར་གཏོང་། རྒྱང་བསྒྲགས་དང་བཪྙན་འཕྲིན་ཤར་གཏོང་བཅས་དྲུག ”“ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ ”སོགས་དངོས་ཡོད་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་ཚོར་ཐུབ་པ་བྱུང་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་རྒྱུ་དང་། འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། གནས་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་བཅས་དང་ཁྱེད་ཀྱི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་དང་ཡུལ་མི་སྤུན་མཆེད་ཚོའི་འཚོ་བ་ཡང་ལེགས་སུ་མངོན་གསལ་དོད་པོ་འགྲོ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
“ལང་ཚོ་སླར་ཡང་དར་མི་སྲིད། ཞོགས་པའི་ཉི་མ་ལོག་མི་སྲིད། རང་གིས་རང་ལ་ལྕག་སྐུལ་བྱེད། ལོ་ཟླས་སྐྱེ་བོ་སྒུག་མི་སྲིད ” འཕྲིན་ཡིག་ནང་ཁྱེད་དང་ཁྱེད་ཀྱི་སློབ་གྲོགས་ཚོ་ཕུགས་བསམ་ལྡན་ལ་འདུན་པ་ཆེན་པོ་ལྡན་པའི་ན་གཞོན་ཤ་སྟག་རེད། ཁྱེད་ཚོས་གོ་སྐབས་བཟང་པོར་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ་སེམས་ནུས་གཅིག་སྡུད་དང་། བག་གཡེང་མི་བྱེད་པ། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། འཇོན་ཐང་ཁོང་དུ་ཆུད་པ་བཅས་བྱས་ནས་སློབ་གྲྭ་ཐོན་རྗེས་ཕུགས་བསམ་འདོན་སྤེལ་དང་མེས་རྒྱལ་གྱི་དྲིན་གསོ་ཆེད་བསམ་བློ་དང་ལས་སྒོའི་རྨང་གཞི་ཡག་པོ་ཞིག་བཏིང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འཚར་ལོངས་ཡོང་རྒྱུར་འབད་བརྩོན་གྱིས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད། “ལྔ་བཞི ”གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་ཁྱེད་དང་ཁྱེད་ཀྱི་སློབ་གྲོགས་ཚོ་སྐྱོན་བྲལ་དང་། སྤྲོ་པོ། སྦྱངས་འབྲས་ལེགས་པོ་བཅས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས།
གུས་ཤིང་བརྩེ་བའི་ཧྲུའུ་ཅི་ཁྲེན་ཆོན་གོ་མཆོག་ལ།
སྐུ་ཉིད་སྐུ་ཁམས་བཟང་།
ངའི་མིང་ལ་དཔལ་ཆོས་ཟེར་བ་དང་ད་ཆ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་གློག་ཤུགས་ཆ་འཕྲིན་ལས་གྲྭ་སློབ་གླིང་གི་གློག་ཤུགས་ཆེད་ལས་ཀྱི་2009ལོའི་སློབ་མ་ཡིན། འདི་ལོའི་དགུན་ཁའི་གུང་གསེང་སྐབས་ང་ཚོའི་གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་10ཚང་མ་ཕ་ཡུལ་རྣམ་གླིང་རྫོང་ར་ཐང་ཤང་རྩིབ་གྲོང་ཚོར་ལོག་པ་ཡིན། ཕ་ཡུལ་དུ་སླེབས་རྗེས་ང་ཚོས་གྲོང་ཚོའི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཡོད་པ་མཐོང་བྱུང་ལ་ནང་མིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་ཆེད་བྱ་བ་དངོས་དང་བྱ་བཟང་ཧ་ཅང་མང་པོ་བསྒྲུབས་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་བྱུང་། འདི་ལོའི་ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོ་སློབ་ཆེན་སློབ་མ་10དང་མཐོ་རིམ་སློབ་འབྲིང་གི་སློབ་མ་6སྐོང་བསྡུ་བྱས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་བརྒྱུད་ང་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀའི་གཙོ་གནད་དང་ཁོང་ཚོས་རྒྱ་ཆེའི་མང་ཚོགས་ཆེད་ཁེ་ཕན་དོན་གཉེར་དང་མི་སེར་རྣམས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་སྔར་བས་ཤེས་རྟོགས་བྱུང་། བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ནི་སྐུ་ཉིད་བོད་དུ་ཕེབས་རྗེས་ཁྱོན་ཡོངས་ནས་གཏིང་ཟབ་ངང་སྐུལ་འདེད་ཐུབ་སྟེ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁྱོན་ཡོངས་ལ་ཁྱབ་ནས་ཏང་གི་ཐུགས་ཁུར་དུད་ཚང་ཁྲི་སྟོང་མང་པོར་དོན་འཁྱོལ་ཐུབ་པ་དང་བོད་དུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དེ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། སྐྱེ་སྟོབས་སླར་གསོན་བྱུང་རྗེས་ཀྱི་ས་གཞི་ཆེན་པོ་ནས་རྣམ་པ་གསར་རྐྱང་ཞིག་མངོན་པ་སྟེ། སྡོང་པོ་གཅེར་བུར་གནས་པའི་ལྕུག་ཕྲན་ལ་ལོ་འདབ་རྒྱས་པ་དང་མེ་ཏོག་སྣ་ཚོགས་གངས་ལྗོངས་ས་མཐོར་བཞད་ནས་འཇིག་རྟེན་ཁམས་ཀྱི་བྱ་དངོས་མཐའ་དག་ལ་དཔྱིད་དཔལ་བཞད། སྐབས་འདིར་དམིགས་སུ་བཀར་ནས་འཕྲིན་ཡིག་འདི་བྲིས་ཏེ་སྐུ་ཉིད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
2011ལོའི་ཟླ་11ཚེས་20ཉིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ང་ཚོའི་ར་ཐང་ཤང་རྩིབ་གྲོང་ཚོར་སླེབས་པ་དང་ཚེས་23ཉིན་སྐུལ་སློང་ཚོགས་ཆེན་འཚོགས་རྗེས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ལས་དོན་སྤེལ་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་ཤེས་རྟོགས་བྱེད་པ། ཏང་ཡོན་རྒན་གྲས་དང་། དཀའ་ངལ་ཡོད་པའི་དུད་ཚང་། འགན་ལེན་ལྔའི་དུད་ཚང་བཅས་ལ་འཚམས་འདྲི་བཅས་བྱས་པ་མ་ཟད། ད་དུང་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་གྲོང་མི་ཚོའི་ངལ་རྩོལ་རྩལ་ནུས་མཐོ་རུ་བཏང་ཡོད། འདི་ལོའི་ཟླ་1ཚེས་1ཉིན་གྲོང་ཚོའི་ནང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་གྲོང་མི་ཚོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་ཆབས་ཅིག་ད་དུང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུག་ཞིང་ཕན་གྱི་སྲིད་ཇུས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ཏང་གི་གསུང་སྒྲ་གྲོང་མི་ཚང་མར་བརྒྱུད་བསྒྲགས་བྱས་པས་ཚང་མས་བོད་ཀྱི་མི་སེར་ལ་འཛིན་པའི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དེ་བས་ཤེས་རྟོགས་ཐུབ་ནས་ཏང་གི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། འདི་ལོའི་ཟླ་1ཚེས་16ཉིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོའི་གྲོང་ཚོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་དང་མཐོ་རིམ་སློབ་འབྲིང་གི་སློབ་མར་འཚམས་འདྲི་བྱས་པ་མ་ཟད། ང་ཚོ་དང་བཞུགས་མོལ་ཡང་བྱས་པས་གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་མི་སེར་གྱི་ཆེད་དུ་དངོས་དངོས་རྗེན་རྗེན་གྱི་ཕན་པ་སྐྲུན་གྱི་ཡོད་པ་ང་ཚོས་དེ་བས་མྱོང་ཚོར་ཟབ་མོ་ཐུབ་བྱུང་། དེ་དག་ཚང་མའི་ཐོག་ནས་ང་ཚོས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གཏིང་ཟབ་ཚོར་བྱུང་ལ་དེ་བས་ཀྱང་ཏང་གི་བཀའ་དྲིན་ཚོར་བྱུང་།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་གྲོང་མི་ཚོའི་དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་རོགས་བྱས་པས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གྲངས་ལས་འདས་པ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་བདེ་སྐྱིད་ཁམས་བདེའི་འཚོ་བ་སྐྱེལ་བཞིན་ཡོད། གོ་སྐབས་དེ་དང་བསྟུན་ནས་རང་ཉིད་ཀྱི་བསམ་ཚུལ་མཚོན་འདོད་ཡོད་པ་སྟེ། ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་ཕྱིན་གྱི་མི་ཚེའི་འགྲོ་ལམ་ཐོག་བློ་གྲོས་དང་ཤེས་བྱར་བརྟེན་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་རྒྱུ་དང་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་ཐད་ང་ཚོར་ཆོད་སེམས་བརྟན་པོ་ཡོད།
འདས་ཟིན་པ་ནི་ཐག་རིང་གི་དྲན་ཤེས་ཤིག་ཏུ་གྱུར་བ་དང་ད་ཆ་ཏང་གི་ཉི་འོད་དྲོ་སྐྱིད་འོག་ང་ཚོས་ཁྱིམ་གྱི་དཀའ་ངལ་ལ་མ་འཛེམས་པ་དང་འཚོ་བའི་གནོན་ཤུགས་ལ་མི་སྐྲག་པར་སྔར་བཞིན་སྙིང་རུས་ཆེན་པོ་དང་དཔའ་ངར་ཞུམ་མེད་ངང་འབད་བརྩོན་བྱེད་ཀྱི་ཡིན། སྐུ་ཉིད་ཀྱི་ཐུགས་ཁུར་འོག་རྩིབས་གྲོང་ཚོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
མཇུག་ཏུ་རང་ཉིད་ཀྱིས་སླར་ཡང་ང་ཚོའི་གྲོང་ཚོའི་སློབ་ཆེན་སློབ་མ་10དང་མེས་པོ་ཚོའི་ཚབ་ཞུས་ནས་སྐུ་ཉིད་ཀྱིས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
གུས་འདུད་དང་བཅས།
རྣམ་གླིང་རྫོང་ར་ཐང་ཤང་རྩིབ་གྲོང་ཚོའི་དཔལ་ཆོས་ཀྱིས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣