དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་4ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཁྲིམས་ཁང་གི་ལས་དོན་ཁག་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་བརྟག་ཞིབ་གནང་བར་ཕེབས་རོགས་ཞུས་པ་རེད།

        བརྟག་ཞིབ་གནང་སྐབས་ཧའོ་ཕུང་དང་བཅས་པས་སྔ་རྗེས་སུ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཚོམས་ཆེན་དང་། འདྲི་གཅོད་བཀོད་གཏོང་བཀོད་འདོམས་ལྟེ་གནས། ཁྲིམས་ཁང་ལོ་རྒྱུས་ཁང་། ཉེས་དོན་ཁྲིམས་ར་སོགས་སུ་གཟིགས་སྐོར་གནང་ནས་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འདྲི་གཅོད་ལས་དོན་ཁག་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པར་མཛའ་བརྩེའི་ངང་གཟིགས་པ་དང་སྦྲགས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚན་ཁག་གི་ཁོངས་མི་དང་དེ་བཞིན་སྡེ་ཚན་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་གནང་བ་རེད།

        རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བློ་མཐུན་གྱི་ལས་དོན་སྙན་ཞུ་ནན་ཏན་གསན་རྗེས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་ཧའོ་ཕུང་གིས་ནན་བཤད་གནང་བ་སྟེ། གཅིག་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པའི་ཏང་གཤིས་མཐའ་འཁྱོངས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འགན་ལེན་གྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་ལུགས་ལ་མཐོང་ཆེན་བྱེད་དགོས་ཤིང་། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་བཅས་ཀྱི་བྱེད་ཕྱོགས་ཡང་དག་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་སྲུང་ཤུགས་ཆེན་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གིས་འདྲི་གཅོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་དགོས་པ། གསུམ་ནས་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་ལག་ལེན་དངོས་ཀྱི་བྱེད་སྒོ་དང་ལས་གནས་དམག་སྦྱོང་ཆེན་པོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་བྱེད་ཉེན་རྟོག་པའི་ཁྲིམས་འཛིན་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། བཞི་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཤིང་། དམིགས་བསལ་གྱི་ལས་རིགས་ཚོགས་སྤྱི་ཡིན་པའི་ཁྲིམས་དཔོན་གྱིས་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཆེན་པོ་འཁུར་ཡོད་པས་ལས་ཀ་དང་འཚོ་བའི་ཁྲོད་རང་གཅུན་ནན་པོ་དང་གཞུང་དྲང་སྤྱོད་གཙང་ཐུབ་པ་བྱེད་དགོས་པ་དང་ཏང་སྒྲིག་རྒྱལ་ཁྲིམས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཏེ་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་བྱང་ཚད་མཐོ་བའི་ཁྲིམས་དཔོན་གྱི་དཔུང་ཁག་ཅིག་བསྐྲུན་དགོས་པ། ལྔ་ནས་སྤྱི་ཡོངས་ལ་བསམ་གཞིགས་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་བླང་བྱ་ལྟར་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་འབྲེལ་ཡོད་ལས་དོན་ཞིབ་ཚགས་ལ་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་ཕུལ་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་རེད།

        ཏེང་ཞའོ་ཀང་གིས་གསུང་བཤད་གནང་སྐབས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་འདི་ལོའི་ལས་ཀའི་བཀོད་སྒྲིག་དང་དེང་སྐབས་ཀྱི་དུས་བབ་ལས་འགན་གྱི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་ཁང་གི་ལས་དོན་ཁག་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།