ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུང་ཧྲན་ལི་དང་། ཀྲའོ་ཀྲེང་ཤིའུ། རྡོ་རྗེ། ཝུའུ་ཅིན་ཧུའེ་སོགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྐབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོའི་ནང་ཞུགས་པ་རེད།
འདེམས་བསྐོ་འགོ་མ་ཚུགས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འདེམས་བསྐོ་བྱེད་ཐབས་ དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་། འདེམས་ཤོག་ལྟ་ཞིབ་པ། སྤྱི་ཁྱབ་འདེམས་ཤོག་རྩིས་རྒྱག་མཁན་བཅས་ཀྱི་མིང་ཐོ་གྲོས་འཆམ་བྱས་པ་དང་དེ་རྗེས་འདེམས་དམངས་ཚོས་འདེམས་ཤོག་བྲིས་པ་དང་འབྲེལ་རིམ་པ་བཞིན་འདེམས་ཤོག་འཕངས་པ་རེད།
ད་ཐེངས་ཀྱི་འདེམས་བསྐོའི་ཚོགས་ཆེན་ཐོག་འདེམས་ཤོག་352སྤྲད་པ་དང་འདེམས་ཤོག་352བསྡུས་པས་འདེམས་བསྐོ་གོ་ཆོད་པ་རེད། འདེམས་ཤོག་རྩིས་རྒྱག་མཁན་གྱིས་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་རྩིས་བརྒྱབ་པ་དང་འབྲེལ་འདེམས་བསྐོའི་འབྲས་བུ་ཇི་མ་ཇི་བཞིན་ངང་གོང་ཞུ་བྱས་པ་རེད།