དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་6ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་གིས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་སོགས་ལ་ཆེད་མངགས་ཕེབས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་དང་མཛེས་ལྗོངས་ས་ཚིགས་ཀྱི་བདེ་འཇགས་དོགས་ཟོན་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཡུལ་སྐོར་བ་མང་བའི་དུས་འཆར་ཉེར་ཡོད་པའི་དོན་དངོས་ལ་གཞིགས་པ་དང་། བདེ་འཇགས་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

        དང་ཐོག་ཧའོ་ཕུང་དང་བཅས་པས་ཕོ་བྲང་པོ་ཏ་ལར་ཕེབས་ནས་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་ཚུལ་དང་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་དང་མེ་ཟོན་བདེ་འཇགས་དོ་དམ་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་དང་མཁྱེན་རྟོགས་གནང་རྗེས་ཧའོ་ཕུང་གིས་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཕོ་བྲང་པོ་ཏ་ལ་འདི་ཉིད་འཛམ་གླིང་ལོ་རྒྱུས་རིག་གནས་ཤུལ་བཞག་ཡིན་པའི་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་བོད་དུ་ལྟ་སྐོར་དང་ཡུལ་སྐོར་བྱེད་རིང་ངེས་པར་དུ་སྐྱོད་དགོས་པའི་མཛེས་ལྗོངས་ས་ཚིགས་ཤིག་ཡིན་པས་འབྲེལ་ཡོད་སྡེ་ཚན་དང་དོ་དམ་ཚན་པ་ཁག་གིས་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་ཕྱི་ནང་གིས་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་སྐབས་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་ནན་པོ་སྤྱད་པའི་འབྲེལ་ཡོད་ཉམས་མྱོང་དང་བྱ་ཐབས་དཔྱད་གཞིའི་མེ་ལོང་དུ་འཛིན་ཏེ་ཕོ་བྲང་པོ་ཏ་ལའི་དོ་དམ་ཞབས་ཞུ་དང་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        དེ་རྗེས་ཧའོ་ཕུང་དང་བཅས་པ་ནོར་བུ་གླིང་ཁར་ཕེབས་སྐབས་ཤང་ཀང་གི་ཡུལ་སྐོར་བ་ཁག་གཅིག་དེ་གར་ལྟ་སྐོར་བྱེད་བཞིན་ཡོད། ཧའོ་ཕུང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས “ཁྱེད་ཚོ་བོད་དུ་ཡུལ་སྐོར་བྱེད་སྐབས་མྱོང་ཚོར་ཇི་འདྲ་འདུག་གམ། ང་ཚོའི་དོ་དམ་ཞབས་ཞུ་དང་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ལ་བློ་ཡིད་ཚིམ་པོ་བྱུང་ངམ ”ཞེས་འདྲི་སྐབས་ཡུལ་སྐོར་བ་ཚོས “ང་ཚོ་བོད་དུ་སླེབས་ནས་གཟའ་འཁོར་གཅིག་ཙམ་ཕྱིན་སོང་། འདི་གའི་མི་རྣམས་སེམས་རྩ་ཧ་ཅང་འཁོལ་པོ་འདུག་ལ་བཟའ་སྡོད་ཀྱི་ཆ་རྐྱེན་ཡང་ཡག་པོ་འདུག ལྷག་པར་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཁྲོམ་གཞུང་ཐོག་སྐོར་གཡེང་བྱེད་མཁན་མི་དམངས་ཉེན་རྟོག་པ་ཡོད་པས་ང་ཚོ་བློ་ཧ་ཅང་བདེ་པོ་བྱུང་ལ་ཚང་མས་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག ”ཅེས་ལན་བཏབ། ཧའོ་ཕུང་གིས་དེ་དག་གསན་རྗེས་དགྱེས་ཚོར་ཧ་ཅང་ཆེན་པོ་གནང་བ་དང་ཚང་མས་རྩ་ཆེའི་བསམ་འཆར་གང་མང་འདོན་རྒྱུའི་རེ་བ་གནང་བ་དང་འབྲེལ་ཁོང་ཚོ་བོད་དུ་ཡུལ་སྐོར་སྐྱིད་པོ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་མཛེས་ལྗོངས་ས་ཚིགས་ཆེ་གྲས་ཁག་ལྟར་ནོར་བུ་གླིང་ཁར་ཡང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཡུལ་སྐོར་བྱེད་བཞིན་ཡོད་པ་གཟིགས་སྐབས་ཧའོ་ཕུང་གིས་ཁོང་ཚོའི་མདུན་དུ་ཕེབས་ནས་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ཝེ་ནེ་ཙུའེ་ལའི་ནས་ཡིན་པའི་ཡུལ་སྐོར་བ་ཁག་གཅིག་གིས་བོད་ཀྱི་ཁྱད་འཕགས་ཀྱི་མཛེས་ལྗོངས་དང་། སྤུས་ལེགས་ཀྱི་ཞབས་ཞུ། བདེ་འཇགས་ཡག་པོ་ཡོད་པ་བཅས་ལ་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་ཧའོ་ཕུང་གིས་གསན་རྗེས་ཐུགས་ཧ་ཅང་མགུ་པོ་གནང་ཞིང་། ཁོང་གིས་ཚང་མ་དགོང་མོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤེལ་བའི་མང་ཚོགས་ཀྱི་ཚད་ལྡན་ཞབས་བྲོའི་བྱེད་སྒོར་ཞུགས་ནས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་ཚོར་བ་བྱ་རྒྱུའི་གདན་ཞུ་གནང་བ་རེད།

        བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་དང་པོ་དཱ་ཡུལ་སྐོར་རླངས་འཁོར་ཀུང་སིར་ཧའོ་ཕུང་གིས་ཀུང་སིའི་གཉེར་སྐྱོང་གནས་ཚུལ་སྐོར་གྱི་སྙན་སེང་གསན་ནས་འབྲེལ་ཡོད་ལས་ཀའི་གོ་རིམ་དང་འགྲུལ་སྐྱེལ་བདེ་འཇགས་དོ་དམ་གྱི་བྱེད་ཐབས་ནན་ཏན་ངང་མཁྱེན་རྟོགས་གནང་ཞིང་། ཧའོ་ཕུང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་དང་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཡིན་པའི་བོད་ནི་འཇིག་རྟེན་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ས་ཆ་ཞིག་ཡིན་པས་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ཡུལ་སྐོར་ལས་རིགས་མྱུར་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་ཧ་ཅང་ལྕི་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད་ཅེས་གསུངས་པ་དང་འབྲེལ་འཕྲལ་སྡོམ་སྔོན་བཀོད་ཇུས་གཞི་དང་བདེ་འཇགས་ཀྱི་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཡུལ་སྐོར་གྱི་འགྲིམ་འགྲུལ་བདེ་འཇགས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། འགྲུལ་སྐྱེལ་འཁོར་རིགས་ཀྱི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་སྐས་རིམ་གསར་པར་སླེབས་པ་དང་ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་གསར་པར་སླེབས་རྒྱུ་འགན་ལེན་བྱས་ནས་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་གྱི་སྤུས་རྟགས་ཡག་པོ་གཏོད་པ་དང་། དྲིལ་བསྒྲགས་ཡག་པོ། སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

        གཟིགས་ཞིབ་གནང་རིང་ཧའོ་ཕུང་གིས་ད་དུང་ནོར་བུ་གླིང་ཁའི་ཐང་ཆེན་དུ་སྦྱོང་བརྡར་བྱེད་བཞིན་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གྲོང་ཁྱེར་དྲ་བ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་དང་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཧ་ཅང་ལྕི་པོ་འཁུར་ཡོད། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་གཏོད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཁྱུང་སྲས་སོགས་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།