དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས《དུས་བབ་གསར་པའི་འོག་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས 《དུས་བབ་གསར་པའི་འོག་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་མ་བཏང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

        ཁྲེན་ཆོན་གོས་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་གལ་ཆེའི་ཕྱོགས་ཤིག་དང་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་སྒྲུབ་ཀྱི་ཆབ་སྲིད་ལེགས་ཆ་ཞིག་ཡིན་པས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་མཐའ་འཁྱོངས་དང་འདོན་སྤེལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུར་ཤེས་ལྡན་མི་སྣ་མཁོ་འདོན་བྱ་རྒྱུ་དང་འབྲེལ་བ་ཡོད་པ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་དང་ཏང་གི་མང་ཚོགས་རྨང་གཞི་ཆེ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ། དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་དུས་རིམ་ཁག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་མཁན་དང་དེའི་ནང་ཐད་ཀར་ཞུགས་མཁན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཕྱིའི་མཚོན་བྱེད་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་མཉམ་ལས་དམ་ཟབ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། 《དུས་བབ་གསར་པའི་འོག་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པ་དང་འཐབ་ཕྱོགས་གཅིག་གྱུར་བརྟན་དུ་དང་སྟོབས་ཆེར་གཏོང་བའི་བླང་བྱ་གསར་པ་དང་འཚམས་པར་བྱས་ཏེ་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཐོག་ང་ཚོས་དུས་སྐབས་གསར་པའི་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་ཆེད་བརྩི་སྲུང་ཞུ་ས་དང་ཁ་ཕྱོགས་བསྟན་ཡོད། ང་ཚོསངེས་པར་དུ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་ལག་བསྟར་དོན་འཁྱོལ་ལ་ནན་ཏན་ངང་དམ་འཛིན་ཡག་པོ་བྱས་ཏེ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པ་སྟེ།

        གཅིག་ནི་མཛུབ་ཁྲིད་བསམ་བློ་གསལ་པོ་ཡོང་བ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་ལ་འཛིན་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་ཕྱིའི་མཚོན་བྱེད་མི་སྣའི་ཚབ་བྱེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཏང་ཕྱིའི་མི་སྣ་དང་གྲོགས་པོ་རྒྱ་ཆེ་གཏིང་ཟབ་བསྒྲིག་རྒྱུ་རྨང་གཞིར་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་ལག་ལེན་ཉམས་མྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཐབས་ལམ་དུ་བྱེད་པ། བྱང་ཚད་མཐོར་གཏོང་དང་རྨང་གཞི་འདིང་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་བྱས་ནས་སྔར་བས་མིག་རྒྱང་ཆེ་རུ་གཏོང་བ་དང་། ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མཐོང་བ་དང་། གསོ་སྐྱོང་། བེད་སྤྱོད། དོ་དམ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་བྱང་ཚད་མཐོ་བའི་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་མ་དང་སྤྱི་ཚོགས་གཞི་ཁྱོན་བརྟན་ལྷིང་ལ་སྐུལ་མ་གཏོང་ཆེད་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས།

        གཉིས་ནི་གཞི་རྩའི་ཚད་གཞི་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཐད་བརྟན་པོ་ཡོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཐོག་བསམ་བློའི་ཐད་བློ་གཅིག་སེམས་གཅིག་དང་། དམིགས་ཚད་ཐད་བློ་གཅིག་སེམས་མཐུན། བྱ་སྤྱོད་ཐད་བློ་གཅིག་སེམས་སྒྲིལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག་རྒྱལ་ཁབ་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མཐའ་མཚམས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆབ་སྲིད་རྩ་དོན་གྱི་གནད་དོན་གལ་ཆེའི་ཐད་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། གོམ་སྟབས་གཅིག་གྱུར་བཅས་བྱེད་པ་དང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ། སོ་སོའི་ཁྱབ་ཁོངས་དང་སོ་སོའི་ལས་རིགས་སུ་ཡོན་ཏན་ཆེ་ཙམ་དང་ལེགས་སྐྱེས་ཆེ་ཙམ་འབུལ་བ། མང་ཚོགས་ཀྱིས་ཁས་ལེན་པ། སོ་སོའི་འབྲེལ་གཏུག་གི་ཁོངས་མི་དང་མང་ཚོགས་ཁྲོད་དུ་སྙན་གྲགས་དང་ཤུགས་རྐྱེན་ཆེ་ཙམ་ཡོད་པ་དང་སྤྱི་ཚོགས་ཐོག་གཟུགས་བཪྙན་ལེགས་ཙམ་ཡོད་པ་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་བྱེད་དགོས།

        གསུམ་ནི་ལས་ཀའི་གཙོ་གནད་མངོན་གསལ་དོད་པོར་འཇོག་དགོས། “སྣུར་སྲིང་བཞི ”བྱེད་ཐུབ་པ་བྱེད་དགོས་པ་སྟེ་ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་གོང་རིམ་གཙོ་བོར་བཟུང་ནས་གཞི་རིམ་ལ་སྣུར་སྲིང་བྱེད་པ་དང་། མི་རིགས་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གཙོ་བོར་བཟུང་ནས་ཏང་ཕྱིའི་མཚོན་བྱེད་མི་སྣ་གཞན་དག་ལ་སྣུར་སྲིང་བྱེད་པ། གྲངས་འབོར་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་ནས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུར་སྣུར་སྲིང་བྱེད་པ། བཀོད་སྒྲིག་གཙོ་བོར་བཟུང་ནས་དོ་དམ་དང་ནུས་པ་འདོན་རྒྱུར་མཐོང་ཆེན་བྱ་རྒྱུར་སྣུར་སྲིང་བཅས་བྱེད་དགོས།

        བཞི་ནི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “བརྒྱ་གསུམ ”འདུ་འགོད་ལག་ལེན་བསྟར་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཏན་ཡོད་པ། ཀུན་སྤྱོད་ཐད་དམངས་ཀྱི་མགུ་བ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་100གསོ་སྐྱོང་ཧུར་ཐག་དང་། ཚན་རིག་ཞིབ་འཇུག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཙམ་ལྡན་པ་དང་ལེགས་སྐྱེས་མངོན་གསལ་དོད་པའི་ཏང་ཕྱིའི་ཤེས་ཡོན་ཅན་གྱི་མཚོན་བྱེད་མི་སྣ་100གསོ་སྐྱོང་ཧུར་ཐག གཉེར་སྐྱོང་བྱེད་མཁས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་ལྡན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ལྡན་པ་བཅས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་མི་སྣ་100གསོ་སྐྱོང་ཧུར་ཐག་བཅས་བྱེད་དགོས།

        ལྔ་ནི་གདམ་གསེས་དང་བེད་སྤྱོད་བྱ་རྒྱུར་གཙིགས་ཆེན་བྱེད་དགོས། ཀྲུང་དབྱང་གི་སྲིད་ཇུས་ཀྱི་བླང་བྱ་ལྟར་ཏང་ཕྱིའི་མཚོན་བྱེད་མི་སྣ་གདམ་གསེས་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ད་ལོ་དང་ཕྱི་ལོ་ལོ་གཉིས་ནང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེ་བའི་བརྒྱུད་རིམ་ནང་བཀོད་སྒྲིག་གི་བླང་བྱ་སྤྱིར་ན་སླེབས་ཐུབ་པ་དང་གོམ་སྟབས་རྗེས་མའི་བརྗེས་རེས་སྐབས་བཀོད་སྒྲིག་གི་དམིགས་ཚད་སྒོ་ཀུན་ནས་མངོན་འགྱུར་ཡོང་བ་བྱེད་དགོས།

        དྲུག་ནི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཕྱིའི་མཚོན་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རིམ་ཁག་ཏང་ཨུད་ཀྱི་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་འཇུག་པ་དང་། ཤེས་ལྡན་མི་སྣ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་འཆར་འགོད་ནང་འཇུག་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་དཔྱད་ཞིབ་ནང་དོན་ནང་འཇུག་པ་བཅས་བྱས་ཏེ་གཅིག་གྱུར་འཆར་འགོད་དང་མཐུན་འགྲིག་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཕྱིའི་མཚོན་བྱེད་མི་སྣ་མཐོང་བ་དང་། གསོ་སྐྱོང་། བེད་སྤྱོད། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། འཐབ་ཕྱོགས་སྡེ་ཚན་གྱིས་སྣེ་ཁྲིད་དང་འགན་འཁྲི་འཁུར་བ། འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཚན་པ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་འཐུས་ཚང་དུ་བཏང་ནས་འགན་འཁྲི་ཁ་གསལ་དང་། ལས་བགོས་གསལ་པོ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།