དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཉིང་ཁྲི་ས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་གྱི་ང་ཕོད་གྲོང་ཚོ་དང་ཉིང་ཁྲི་རྫོང་སྦེ་པ་གྲོང་རྡལ་འབྲས་པ་གྲོང་ཚོ་སོགས་སུ་ཕེབས་ནས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ལས་དོན་རུ་ཁག་གི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་པད་མ་འཕྲིན་ལས་ཀྱིས་ཉིང་ཁྲི་རྫོང་སྦེ་པ་གྲོང་རྡལ་འབྲས་པ་གྲོང་ཚོར་ལས་དོན་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་3ཚེས་29ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཉིང་ཁྲི་ས་ཁུལ་དུ་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྩ་སྲ་དམངས་ཕན་གྱི་བྱེད་སྒོའི་ལས་ཀའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་སྔོན་གཏོད་ལེགས་བརྩོན་དང་རྩ་སྲ་དམངས་ཕན་གྱི་བྱེད་སྒོར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀོང་དབྱང་ལྷན་དུ་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་སྔ་རྗེས་སུ་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་ཚོ་དང་ཉིང་ཁྲི་རྫོང་སྦེ་པ་གྲོང་རྡལ་འབྲས་པ་གྲོང་ཚོར་ཕེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀ་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྩ་སྲ་དམངས་ཕན་གྱི་བྱེད་སྒོའི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཏུའེ་ཀྲང་ཡན་ཝུའེ་ཡིས་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས “དུད་ཚང་རེ་ནས་མི་རེར་གསོ་སྦྱོང་བྱས་ནས་ནང་ཚང་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་དེ་གྲོང་ཚོ་ཡོངས་འཕེལ་རྒྱས་ཆེན་པོ་ཡོང་བའི ”འདུ་འགོད་ལག་བསྟར་བྱས་ནས་གྲོང་ཚོའི་ནང་གི་ངལ་ནུས་ལྷག་མ་རྣམས་སྒྲིག་འཛུགས་ཀྱིས་ལྷ་སར་བོད་ཐུག་བཟོ་སྟངས་དང་གླུ་གར་འཁྲབ་སྟོན་སློབ་སྦྱོང་བྱེད་པར་བཏང་བ་དེ་དག་ཕྱིར་ལོག་རྗེས་གྲོང་ཚོའི་ནང་གི་ཡུལ་སྐོར་གསར་སྤེལ་ནང་ཞུགས་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཐུབ་པ་བྱུང་ཡོད་ཅེས་ཀྲུའུ་ཞིར་ཞུས། པད་མ་འཕྲིན་ལས་ཀྱིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་སྔོན་གཏོད་ལེགས་བརྩོན་དང་རྩ་སྲ་དམངས་ཕན་གྱི་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། དང་ལེན་ཧུར་ཐག་ཞུ་བ་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ལ་ཇུས་འགོད་དང་ལས་དོན་ཏན་ཏིག་སྤེལ་བས་མི་རིགས་ཁག་གི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་གསུངས་པ་དང་། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས “མང་ཚོགས་ཚོར་དཀའ་ངལ་གང་ཞིག་ཐག་གཅོད་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མང་ཚོགས་ཚོ་བློ་ཡིད་ཚིམ་པོ་ཡོང་བ་བྱེད་པ། ཇི་ལྟར་བྱས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ ”བཅས་ཀྱི་གཙོ་གནད་དེར་དམ་པོར་དམིགས་ནས་རྒྱ་ཆེའི་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་དགོས་པའི་ཐུགས་རེ་བཏོན་གནང་བ་རེད།

        པད་མ་འཕྲིན་ལས་དང་བཅས་པ་ད་དུང་རྡོ་ཕུར་ཆུ་ཤུགས་གློག་ཁང་གི་ལས་ཡུལ་དུ་ཕེབས་ནས་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་ལས་གྲྭ་འཛུགས་སྐྲུན་མཁན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་ཉང་ཆུའི་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ནི་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ཆུའི་ཐོན་ཁུངས་གསར་སྤེལ་དང་སྤྱོད་པའི་གལ་ཆེའི་རྣམ་གྲངས་ཤིག་ཡིན་པ་དང་། རྡོ་ཕུར་ཆུ་ཤུགས་གློག་ཁང་ནི་ཉང་ཆུའི་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོང་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”སྐབས་རང་སྐྱོང་ལྗོངས་ཀྱིས་བསྐྲུན་འགོ་བཙུགས་པའི་གཙོ་གནད་ཀྱི་ནུས་རྒྱུའི་རྣམ་གྲངས་ཨང་དང་པོ་དེ་ཡིན། རྡོ་ཕུར་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་དེ་ཉང་ཆུ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རང་ལྗོངས་ཀྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་སྔར་བས་སྐུལ་མ་བཏང་སྟེ་བོད་དབུས་རྒྱུད་ཀྱི་གློག་དྲའི་གློག་ཤུགས་ཀྱི་སྤྲོད་མཁོའི་འགལ་བ་ཞི་ལྷོད་དུ་གཏོང་བ། བརྟན་ལྷིང་དང་། དྭངས་གཙང་། བདེ་འཇགས། གྲོན་ཆུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་མགྱོགས་མྱུར་གཏོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལྷག་དོན་དུ་ཉིང་ཁྲི་ས་ཁུལ་ལ་མཐུན་སྦྱོར་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་ཞི་མཐུན་གྱི་འཛུགས་སྐྲུན་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་ཐུགས་རེ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།