དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་དམངས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་29ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་བཀྲ་ཤིས་ཆོས་གླིང་དགོན་དུ་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་དམངས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་རྒྱ་ཆེའི་གྲྭ་བཙུན་ལ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་བསྐྲུན་རྒྱུ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་ཁོ་ཚོར་སྣེ་ཁྲིད་བྱས་ཏེ་དགོན་སྡེར་རྒྱུན་བསྲིང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་ཕེབས་རོགས་ཞུས་པ་རེད།

        ན་ནིང་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་གྲྭ་བཙུན་ལ་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པར་གྲྭ་བཙུན་ཚོའི་དགའ་བསུ་ཐོབ་པ་དང་དེར་སྲུང་བརྩི་ཞུ་གི་ཡོད། ཀྲུའུ་ཞི་པད་མ་འཕྲིན་ལས་ཚང་མར་གཟིགས་པར་ཕེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས་བཀྲ་ཤིས་ཆོས་གླིང་དགོན་གྱི་གྲྭ་དམངས་ཚོས་སྔ་ས་ནས་དགོན་སྡེའི་སྒོ་འགྲམ་དུ་བསྐྱོད་དེ་བསུ་བ་ཞུས་པ་དང་དཀར་གཙང་མཇལ་དར་ཕུལ་ཏེ་གུས་སྲོལ་གཟབ་རྒྱས་ཀྱི་ཐོག་ནས་པད་མ་འཕྲིན་ལས་དང་བཅས་པར་བསུ་བ་ཞུས་པ་རེད།

        པད་མ་འཕྲིན་ལས་ཀྱིས་བཀྲ་ཤིས་ཆོས་གླིང་དགོན་གྱི་དཔེ་ཆའི་དགེ་རྒན་བློ་བཟང་ཐར་པ་དང་ལྷན་དུ་ཕེབས་བཞིན་དུ་གླེང་མོལ་གནང་སྟེ་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་། “གཅིག་དྲུག ”“ཡོད་པ་དགུ ”སོགས་ལས་དོན་སྤེལ་ཚུལ་དང་གྲྭ་དམངས་ཀྱི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བློ་བཟང་ཐར་པས་ཀྲུའུ་ཞིར “གཅིག་དྲུག ”དང “ཡོད་པ་དགུའི ”ལས་དོན་སྤེལ་བཞིན་ཡོད་པ་དང་ལྷག་པར་དུ་རྒན་གསོ་དང་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དེ་མི་སེམས་ལ་ཟབ་མོ་ཟུག་ནས་ང་ཚོར་ནད་ལྟ་དཀའ་བ་དང་སྨན་རིན་ཆེ་བའི་གནད་དོན་ཐག་གཅོད་གནང་རོགས་གནང་བ་མ་ཟད་ད་དུང་རྒན་གསོའི་དངུལ་ལེན་རྒྱུ་ཡོད་པས་ང་ཚོ་གྲྭ་པ་ཚང་མར་དངོས་དངོས་རྗེན་རྗེན་གྱི་དངོས་ཕན་ཐོབ་བྱུང་། ཚང་མས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ནང་རིག་པ་ཉམས་ལེན་དང་། རྟོགས་པ་ཆེ་རུ་གཏོང་བ། ཞི་མཐུན་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་པ་ཞིག་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་འདུག་ཅེས་ཞུས་པ་རེད།

        པད་མ་འཕྲིན་ལས་ཀྱིས་གསན་རྗེས་དགྱེས་ཚོར་ཆེན་པོའི་ངང་ཆོས་དད་རང་མོས་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་ཐོག་མཐའ་བར་གསུམ་གྱི་བྱེད་ཕྱོགས་ཡིན་པས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱིས་དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་ནས་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོ་རྒས་དུས་གསོ་མཁན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་དང་ཆོས་ལུགས་ལས་དོན་དོ་དམ་ཐད་ཀྱི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན། མིག་སྔར་སྤེལ་བཞིན་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་འཛུགས་སྐྱོང་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་དོ་དམ་ཐད་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་གྲྭ་བཙུན་ཚོར་ཐུགས་ཁུར་གནང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན། ཞི་མཐུན་དཔེ་བཟང་གི་དགོན་སྡེ་འཛུགས་སྐྱོང་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་ཡག་པོ་སྤེལ་རྒྱུའི་ཐད་ཉེ་ཆར་ཧྲུའུ་ཅི་ཁྲེན་ཆོན་གོས་སླར་ཡང་མཛུབ་སྟོན་གལ་ཆེན་གནང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་དཔྱད་འདེམས་ཀྱི་བྱེད་སྒོ་ཡག་པོ་སྤེལ་བ་དང་། དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་རྒྱལ་གཅེས་ཆོས་གཅེས་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་དགོན་སྡེའི་རྒྱུན་བསྲིང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་བླང་བྱ་བཏོན་ཡོད་པས་ང་ཚོས་ངེས་པར་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་ད་ཆའི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཅེས་འཛིན་བྱེད་པ་དང་། རང་འགུལ་ངང་ཏང་གི་ཆོས་ལུགས་བྱེད་ཕྱོགས་དང་ཆོས་ལུགས་ལས་དོན་དོ་དམ་ཐད་ཀྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་བ། ཐོས་བསམ་ལ་གཞོལ་བ། ཤེས་རྒྱ་ཆེ་རུ་གཏོང་བ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤངས་དགེ་སྒྲུབ། ཞི་མཐུན་དར་སྤེལ། ཞི་བདེ་དོན་གཉེར་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ་བཅས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞི་མཐུན་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོ་དང་གྲོགས་པོ་འགྲིག་པ་དང་རྒྱལ་གཅེས་ཆོས་གཅེས་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། “གཅིག་དྲུག ”གི་བྱེད་སྒོ་གཏིང་ཟབ་སྤེལ་བ། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོའི་སེམས་ནང་ཚོར་བ་བྱེད་པ་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་འཛུགས་སྐྱོང་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་དགོན་སྡེའི་རྒྱུན་བསྲིང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།