དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་ཡིས་ཞི་མཐུན་དཔེ་བཟང་དགོན་པ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་མཆན་འགོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྗོངས་ཡོངས་སུ་ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་མཆན་འགོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ནན་ཏན་ངང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྤེལ་ནས་ཞི་མཐུན་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོ་ཡིས་གནང་བའི་མཆན་འགོད་མཛུབ་སྟོན་ནང་ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་བྱ་སྤྱོད་གལ་ཆེན་ཞིག་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་ནུས་ལྡན་ཞིག རྒྱལ་གཅེས་ཁྲིམས་སྲུང་བྱེད་མཁན་རྒྱ་ཆེའི་གྲྭ་བཙུན་གྱི་སེམས་ཤུགས་འཕེལ་བར་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག དགོན་པའི་དོ་དམ་ལ་ཤུགས་སྣོན་དང་དགོན་པ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པའི་དངོས་གཞིའི་གོམ་སྟབས་ཤིག ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་གནང་ལུགས་ཞིབ་ཕྲ་མཚོན་པ་ཞིག་བཅས་རེད། 2011ལོའི་ཟླ་བ་བཅུ་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ལངས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་ཡག་པོ་སྤེལ་རྒྱུ་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོད་འདེམས་ཀྱི་བྱེད་སྒོ་དེ་ཡག་པོ་སྤེལ་རྒྱུ་བཀོད་སྒྲིག་ཞིབ་ཕྲ་བྱས་པར་ལྗོངས་ཡོངས་ཀྱི་དགོན་པ་ཁག་དང་རྒྱ་ཆེའི་གྲྭ་བཙུན་གྱི་བརྩི་བཀུར་དང་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད། དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་དགོན་པ་ཁག་དང་རྒྱ་ཆེའི་གྲྭ་བཙུན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་། ཐོས་བསམ་ལ་གཞོལ་བ། ཞི་མཐུན་སྲུང་སྐྱོང་། བརྟན་ལྷིང་ལ་སྐུལ་གཏོང་བཅས་བྱས་ཤིང་། དེའི་རིང་དཔེ་བཟང་དགོན་པ་དང་སྔོན་ཐོན་གྲྭ་བཙུན་མང་དག་ཅིག་ཐོན་ཡོད། ཉེ་དུས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་དཔྱད་འདེམས་བྱེད་སྒོ་ནན་ཏན་ངང་སྒྲིག་འཛུགས་བྱས་ཏེ་སྤེལ་ནས་དགོན་པ་ཁག་དང་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས་ཞེས་བསྟན་པ་གཤམ་གསལ་འདི་ལྟ་སྟེ།

        གཅིག་ནས་སྔོན་ཐོན་ལ་གཟེངས་བསྟོད་གཟབ་ཅིང་རྒྱས་པ་བྱེད་དགོས་ཤིང་། ས་ཁུལ་དང་གྲོང་ཁྱེར་དང་རྫོང (གྲོང་ཁྱེར་དང་ཆུས )དུ་བཏོད་འདེམས་བྱས་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཀྱིས་ཟླ་བ་བཞི་པར་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ཤིག་འཚོགས་ཏེ་སྔོན་ཐོན་ལ་གཟེངས་བསྟོད་དང་མིག་དཔེ་ལྟ་ས་བཏོད་ནས་སྤྱི་ཚོགས་ཡོངས་དང་རྒྱ་ཆེའི་གྲྭ་བཙུན་གྱི་ཁྲོད་དུ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཁ་ཕྲལ་ལ་ངོ་རྒོལ་དང་ཞི་མཐུན་སྲུང་སྐྱོང་བྱེད་པའི་རྣམ་པར་དག་པའི་གཞུང་སེམས་འཇགས་པ་བྱེད་དགོས།

        གཉིས་ནས་ནན་ཏན་ངང་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་འོག་ནས་གོང་བར་དཔྱད་འདེམས་གཟེངས་བསྟོད་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་དང་། རྫོང་རིམ་པའི་ཞི་མཐུན་དཔེ་བཟང་དགོན་པ་དཔྱད་འདེམས་ནང་རྩ་དོན་ཐོག་གཟེངས་བསྟོད་བྱ་རྒྱུའི་དགོན་པའི་བསྡུར་ཚད་ནི་རྫོང་ཡོངས (གྲོང་ཁྱེར་དང་ཆུས )ཀྱི་དགོན་པའི་བསྡོམས་གྲངས་ཀྱི་30%ཟིན་དགོས་པ་དང་། ཞི་མཐུན་དཔེ་བཟང་དགོན་པའི་ལག་ཁྱེར་ལྡན་པའི་གྲྭ་བཙུན་ཚང་མ་ནི་རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་དགོས་པ། དཔེ་བཟང་དགོན་པར་འདེམས་ཐོན་མ་བྱུང་ན་ལག་ཁྱེར་ལྡན་པའི་གྲྭ་བཙུན་30%ཡི་བསྡུར་ཚད་ལྟར་རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་དཔྱད་འདེམས་བྱ་རྒྱུ། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར་སོ་སོས་རིམ་པ་འོག་གི་དཔྱད་འདེམས་ནང་གི་30%ཡི་བསྡུར་ཚད་ལྟར་ཞི་མཐུན་དཔེ་བཟང་དགོན་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་དགོས་པ་དང་། ཞི་མཐུན་དཔེ་བཟང་དགོན་པའི་ལག་ཁྱེར་ལྡན་པའི་གྲྭ་བཙུན་ཚང་མ་ནི་རིམ་པ་གཅིག་མཚུངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་པ། རྒྱལ་གཅེས་ཆོས་གཅེས་དང་། ཐོས་བསམ་ལ་གཞོལ་བ། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་ཐད་གྲྭ་བཙུན་གྱི་སྤྱོད་ཚུལ་མངོན་གསལ་དོད་པ་དང་དགོན་པ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལྡན་པའི་ས་ཁུལ་ཡིན་ན་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་བསྡུར་ཚད་མཐོ་རུ་འོས་འཚམ་གཏོང་ཆོག

        གསུམ་ནས་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་ཤིང་། 《ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར (ཚོད་ལྟའི་ལག་ལེན )》གཏན་འབེབས་གཞིར་བཟུང་བྱ་དགའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག་ཞི་མཐུན་དཔེ་བཟང་དགོན་པར་གཟི་བརྗིད་བྱང་བུ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟི་བརྗིད་ལག་ཁྱེར་དང་བྱ་དགའ་སྤྲད་དེ་ཁོང་ཚོར་ཆབ་སྲིད་ཐད་གཟི་བརྗིད་ལྡན་པ་དང་། སྤྱི་ཚོགས་ཐོག་གནས་བབ་ཡོད་པ། དཔལ་འབྱོར་ཐད་དངོས་ཕན་ཐོབ་པ་བཅས་བྱས་ནས་ཁོང་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས།

        བཞི་ནས་དགོན་པར་བཅའ་སྡོད་ལས་བྱེད་པར་ལྕག་སྐུལ་བྱེད་དགོས་ཤིང་། དགོན་པར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་དགོན་པའི་ཞི་མཐུན་བརྟན་ལྷིང་ཕྱིར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་པས་ཁོང་ཚོའི་ལས་ཀར་ཁས་ལེན་གང་ལེགས་བྱེད་དགོས། ཞི་མཐུན་དཔེ་བཟང་དགོན་པར་བདམས་པའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། དགོན་པར་བཅའ་སྡོད་ལས་དོན་ཚོགས་ཆུང་། དགོན་པར་བཅའ་སྡོད་ལས་བྱེད་པ་བཅས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། ཞི་མཐུན་དཔེ་བཟང་དགོན་པར་འདེམས་ཐོན་བྱུང་མེད་ཀྱང་དགོན་པའི་ནང་གི་གྲྭ་བཙུན་གྱི་སྤྱོད་ཚུལ་ལེགས་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དུ་འདེམས་པའི་བསྡུར་ཚད་མཐོ་བའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་པར་བཅའ་སྡོད་ལས་དོན་ཚོགས་ཆུང་ནང་གི་ཕུལ་དུ་བྱུང་བའི་དགོན་པར་བཅའ་སྡོད་ལས་བྱེད་པར་ཡང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

        ལྔ་ནས་ཕྱོགས་སྟོན་ཡག་པོ་ཞིག་ཡོང་བ་བྱེད་དགོས་ཤིང་། ཞི་མཐུན་དཔེ་བཟང་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཕྱོགས་སྟོན་ཡག་པོ་ཞིག་སྔར་བས་ཡོང་བ་བྱེད་དགོས་པ་དང་། དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་དགོན་པ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། དགོན་པར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་རང་འགུལ་ངང་གྲོགས་པོ་སྒྲིག་པ་དང་། རྒྱལ་གཅེས་ཆོས་གཅེས་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། “གཅིག་དྲུག ”གི་བྱེད་སྒོ་གཏིང་ཟབ་སྤེལ་བ། དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ལ་ཞི་མཐུན་དཔེ་བཟང་དགོན་པ་ཧུར་ཐག་གཏོད་རྒྱུ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཞིག་ཧུར་བརྩོན་ཆེན་པོས་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། དགོན་པ་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱ་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ་དང་། འབད་པ་ལྷོད་མེད་བྱས་ནས་ཤེས་རྒྱ་ཆེ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྐྱོན་སྤངས་དགེ་སྒྲུབ། ཞི་མཐུན་ཡར་གཏོད། ཞི་བདེ་ཡོང་བའི་སྨོན་ལམ་འདེབས་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དང་ཞི་མཐུན་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་གཏོད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།