དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་53འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་རིག་རྩལ་མཚན་ཚོགས་གཟབ་རྒྱས་ངང་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་28ཉིན་གྱི་དགོང་དྲོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་53འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་རིག་རྩལ་མཚན་ཚོགས 《བདེ་སྐྱིད་ཀྱི་མཇལ་དར་ཏང་ལ་འབུལ 》ཞེས་པ་དེ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད།

        པད་མ་འཕྲིན་ལས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། ལང་ཡིའུ་ལེའང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་འགོ་ཁྲིད་བློ་མཐུན་གྱིས་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

        གོང་ཚེས་ཉིན་གྱི་དགོང་དྲོར་བོད་ལྗོངས་མི་དམངས་ཚོགས་ཁང་དུ་མེ་ཏོག་སོས་པས་ཁེངས་པ་དང་གློག་འོད་ཆེམ་ཆེམ་འཕྲོ་ཞིང་མཉམ་གཞས 《ཡར་ལངས་ཀྱི་བརྩེ་བ 》ཞེས་པ་ནས་རིག་རྩལ་མཚན་ཚོགས་འགོ་ཚུགས་པ་དང་མཚན་ཚོགས་དེ 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན 》དང 《དགའ་སྤྲོ་འཁོལ་བའི་ས་མཐོ 》《ཞི་མཐུན་ལྡན་པའི་ཁྱིམ་གཞིས 》བཅས་ཁག་གསུམ་ལ་ཕྱེ་ཡོད། སྙན་ཞིང་འཇེབས་པའི་གླུ་དབྱངས་དང་བདེ་ལྕག་འཁྱུག་པའི་གར་སྟབས་ལས་དུས་ཆེན་གྱི་རྣམ་པས་ཁེངས། ལོ་53གོང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དབུ་ཁྲིད་གནང་ནས་ཏཱ་ལའི་རུ་ཚོགས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མཐའ་གཅིག་ཏུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་མ་ཟད། ལོ་ངོ་སྟོང་སོང་བའི་ཆེས་མུན་ནག་དང་། ཆེས་གདུག་རྩུབ། ཆེས་ཀླ་ཀློ། ཆེས་རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་བསློགས་པ་དང་སྡུག་བསྔལ་ཚད་མེད་མྱང་བའི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ཀྱི་ལས་དབང་འཛིན་པའི་བདག་པོ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད། དེ་ནས་བཟུང་བོད་འདི་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་རྒྱས། དབུལ་ཕོངས་ནས་ཕྱུག་པོ། སྲིད་དབང་སྒེར་འཛིན་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེའི་བཅས་ཕྱོགས་སུ་བར་སྐྱོད་ཡོད། ལོ་50ལྷག་ཙམ་རྗེས་ཀྱི་ད་ལྟ་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལས་བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བརྗིད་ཉམས་ལྡན་པའི་ལེའུ་རྩོམ་བཞིན་ཡོད། 《ས་མཐོར་དཔྱིད་དཔལ་བཞད 》དང 《ཡར་ངོའི་ཟླ་ལྟར་འཕེལ་བ 》《ཞི་མཐུན་ལྡན་པའི་ཁྱིམ་གཞིས 》སོགས་ངོ་མཚར་ཆེ་བའི་གླུ་གར་གྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་སྒེར་སེམས་མེད་པའི་རྒྱབ་སྐྱོར་འོག་ངོ་མཚར་ཆེ་ཞིང་གནའ་བོའི་ས་གཞི་འདིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་རླབས་ཆེན་འགྱུར་ལྡོག་དང་སྤྱི་ཚོགས་ལམ་ལུགས་གསར་པའི་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བདེ་སྐྱིད་བརྟན་ལྷིང་གི་འཚོ་བ་མངོན་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་ཟབ་མོ་ཞུ་ལུགས་དང་འབྱུང་འགྱུར་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རེ་བ་འཆང་ལུགས་མཚོན་ཡོད། བདེ་སྐྱིད་གླུ་སྒྲ་གངས་ལྗོངས་གང་སར་ཁྱབ་པ་དང་གནའ་བོའི་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བས་ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད།

        མཚན་ཚོགས་དེ་ཚོགས་ར་ཡོངས་སུ་མཉམ་དུ་གཏོང་བའི 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད 》ཞེས་པའི་གླུ་གཞས་ཁྲོད་དུ་མཇུག་འགྲིལ་ཞིང་པད་མ་འཕྲིན་ལས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། ལང་ཡིའུ་ལེའང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུང་སོགས་འགོ་ཁྲིད་བློ་མཐུན་གར་སྟེགས་ཐོག་ཕེབས་ནས་འཁྲབ་སྟོན་པ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་དྲན་རྟེན་སྐུ་པར་བསྐྱོན་པ་དང་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད།

        རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ། བོད་སྡོད་དཔུང་སྡེ། དྲག་ཆས་དཔོན་དམག་སོགས་མི་གྲངས་800ལྷག་ཙམ་གྱིས་འཁྲབ་སྟོན་ལ་གཟིགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།