ཟླ་3ཚེས་25ཉིན་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་དང་ལས་བཟོ་ཚོ་ཆེད་མངགས་ལྷ་ས་ནས་ཟངས་རི་རྫོང་རོང་ཤང་རྩ་པ་གྲོང་ཚོར་བསྐྱོད་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོ་དང་མཉམ་དུ “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར ”རྟེན་འབྲེལ་ཞུས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བྱེད་སྒོའི་ཁྲོད་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་དང་ལས་བཟོ་ཚོས་ཟངས་རིའི་ཞིང་འབྲོག་པ་མང་ཚོགས་ཚོར་ནང་སྦྱོང་ཞིབ་ཚགས་བྱས་པའི་རིག་རྩལ་འཁྲབ་ཚན་འཁྲབ་སྟོན་བྱས་པ་དང་འབྲེལ་ཞིང་འབྲོག་པར་སྐྲ་བཞར་བ་དང་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། ཉིན་དེར་ཞིང་འབྲོག་པ་མང་ཚོགས་ལ་ཁྱོན་ཉི་འོད་གློག་127དང་། རིགས་སྣ་ཚོགས་ཀྱི་དེབ་སྟོང་ཕྲག་ཁ་ཤས། དྲན་གསོའི་རྟགས་མ་600 དབྱར་ཞྭ་600བཅས་དང་དེ་བཞིན་སྒོར་ཁྲི་3རི་བའི་བོད་སྨན་དང་ཕྱི་ལུགས་ཀྱི་སྨན་སྤྲད་ཡོད་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ལོ་ངོ་53གྱི་ནང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་བཅས་ཀྱི་འོག་ཟངས་རི་རྫོང་གི་རྩ་པ་གྲོང་ཚོ་དང་། པ་རྣམ་གྲོང་ཚོ། སྦིད་པ་གྲོང་ཚོ། ནུབ་མཁར་གྲོང་ཚོ་བཅས་ལྗོངས་ཡོངས་དང་མཉམ་དུ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་བ། མི་དམངས་བདེ་སྡོད་ལས་བརྩོན་བྱུང་ནས་གྲོང་ཚོའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་གཞི་རིམ་དང་མང་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཞིང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕུལ་བྱུང་གི་ལས་བྱེད་པ་ཁག་གཅིག་མངགས་གཏོང་གིས་ཟངས་རི་རྫོང་གི་རྩ་པ་དང་། པ་རྣམ། སྦིད་པ། ནུབ་མཁར་བཅས་གྲོང་ཚོར་བཅའ་སྡོད་བྱས་ཏེ་གྲོང་ཚོའི “ཨུ་ལྷན་གཉིས ”དང་མཉམ་དུ་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་གིས “ཏང་གི་བཀའ་དྲིན་ཚོར་བ་དང་། ཕྱུག་པོ་ཆགས་ལུགས་དྲན་པ། བརྟན་ལྷིང་ཡོང་རེ་བྱེད་པ། འཕེལ་རྒྱས་གཏོང་ཐབས་བྱེད་པ ”བཅས་གཙོ་དོན་དུ་བཟུང་བའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་ཐུན་མོང་ཐོག་ཞིབ་བཟོ་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་པ། ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱུག་འགྱུར་གྱི་ཐབས་ལམ་གཏོད་པ་བཅས་བྱས་ནས་མང་ཚོགས་ཚོར་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབས་པས་རྒྱ་ཆེའི་མང་ཚོགས་ཚོའི་འཕེལ་རྒྱས་བརྩོན་གཉེར་བྱེད་པ་དང་། ཡོང་འབབ་འཕར་བ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཡིད་ཆེས་ལྡབ་འཕར་བྱུང་ནས་གང་སར་བདེ་སྡོད་ལས་བརྩོན་དང་དུས་བདེ་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་གསུངས་པ་རེད།