དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3 ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚན་པ་82ཀྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞིའི་ཡི་གེ་སྤྲོད་པ། བཅའ་ཁྲིམས་ཀྱི་བློ་འདྲི་དང་ལེན་བྱེད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྟངས་ལ་བརྟེན་ནས་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ངང་སྤེལ་བར་མི་རིགས་ཁག་གི་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧའོ་ཕུང་ཆེད་མངགས་དྲིལ་བསྒྲགས་ས་ཚིགས་ཁག་ལ་ཕེབས་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་འབྲེལ་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་མཉམ་དུ་ཕེབས་ཡོད་པ་རེད།

        རྟོག་ཞིབ་གནང་སྐབས་ཧའོ་ཕུང་གིས་དྲིལ་བསྒྲགས་ས་ཚིགས་ཁག་གི་ལས་དོན་མི་སྣ་ཚོ་ལ་བྱམས་བརྩེའི་ངང་ཕྱག་བཏང་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚུལ་ཤེས་རྟོགས་ནན་ཏན་གནང་བ་དང་འབྲེལ་དྲིལ་བསྒྲགས་ཞབས་ཞུའི་ལས་དོན་གཏིང་ཟབ་ལ་ནན་ཏན་ངང་སྤེལ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། ཁོང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་བླང་བྱ་གཞིར་བཟུང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཁ་གསལ་ཞིག་ཡིན་ལ་དེ་བས་ཀྱང་རྒྱ་ཆེའི་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་གནད་དོན་དང་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་བདེ་འཇགས་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་བཅས་ཡིན་པས་ཁོངས་མིའི་ཚན་པ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོ་དེ་དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ནན་པོ་དང་ཡག་པོ་བྱས་ཏེ་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ཉིན་ཤས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས་ང་ཚོར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་མུ་མཐུད་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པས་རང་ལྗོངས་ཀྱི་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་གི་ཁོངས་མིའི་ཚན་པས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་ལས་དོན་ཁག་གི་བླང་བྱ་དང་བརྟན་ལྷིང་སྲུང་སྐྱོང་གི་ཕྱོགས་བཅུའི་ཐད་ཀྱི་བྱེད་ཐབས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ལྷག་པར་དུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་ཚུན་གྲོང་ཁྱེར་དང་། གྲོང་རྡལ། ཞིང་འབྲོག་ཁུལ་བཅས་ལ་ཐོན་པའི་འགྱུར་ལྡོག་གསར་པ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྔར་བས་བསམ་བློ་གཅིག་གྱུར་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་ཆགས་པ་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་བྱེད་ཐབས་གལ་ཆེན་ཁག་དོན་འཁྱོལ་ཡག་པོ་བྱེད་པ། སྤྱི་ཚོགས་དོ་དམ་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་དྲིལ་བསྒྲགས་ནན་ཏན་བྱས་ནས་སྤྱི་དམངས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་བཅའ་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་དངོས་འབྲེལ་ཁྲིམས་ཤེས་པ་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་ཤེས་པ་བཅས་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།