རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་གལ་ཆེའི་དུས་ཚིགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད་ཟླ་3ཚེས་13ཉིན་གྱི་དགོང་མོ་དང་ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཧའོ་ཕུང་གིས་བཪྙན་འཕྲིན་ཁ་པར་བརྒྱུད་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྔར་བས་བཀོད་སྒྲིག་གནང་བ་མ་ཟད་ཚེས་13ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ལྗོངས་ཐད་གཏོགས་སྡེ་ཚན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་མངོན་གསལ་དུ་རྟོག་ཞིབ་དང་མངོན་མེད་བརྟག་དཔྱད་ཀྱང་གནང་བ་རེད།
བློ་བཟང་རྒྱལ་མཚན་དང་། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། ཀུང་ཕུའུ་ཀོང་། རྡོ་ཐོགས། ལི་ཀྲའོ། སུང་ཅིང་ཡོན། ཀུའོ་དབྱི་ལི། ཨོ་ལོ་བུ་ཆུང་། ཁྱུང་སྲས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུགས་ཡོད་པ་རེད།
ཧའོ་ཕུང་གིས་དང་ཐོག་བཪྙན་འཕྲིན་ཁ་པར་བརྒྱུད་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་རེས་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་སྤྱི་ཡོངས་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱིས་རྒྱུན་ཆད་མེད་པར་ངན་བཀོད་དང་ངན་སློང་ཞིབ་ཚགས་བྱེད་པ་དང་ལྐོག་གཡོ་བཤམས་ནས་བོད་དུ་ཟིང་ཆ་སློང་གི་ཡོད་པས་རང་ལྗོངས་འདི་ཉིད་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་དུས་སུ་གནས་ཡོད། ཪྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་མདུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དོགས་ཟོན་ཆེར་བསྐྱེད་དང་གྲ་སྒྲིག་ཨང་བསར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུར་གཞི་ཚུགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཧའོ་ཕུང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པར་རང་འགན་གཙང་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་བྱེད་པ་དང་མདུན་དུ་མཆོང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་དགོས། ས་ཁུལ་དང་། གྲོང་ཁྱེར། སྡེ་ཚན་བཅས་ཁག་དང་། རིམ་ཁག་སྲིད་ཁྲིམས་ལས་ཁུངས། ལས་འགན་སྒྲུབ་བཞིན་པའི་དཔུང་སྡེ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་སྟོབས་ཤུགས། གཞི་རིམ་བདེ་འཇགས་སྲུང་སྐྱོང་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་མི་ཚང་མ་ལས་གནས་ཐོག་ཡོད་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་རེས་དང་ལས་རེས་སྣེ་ཁྲིད་དང་མཉམ་འབྲེལ་འགོག་སྲུང་དང་བདེ་སྲུང་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་ལ་གོ་སྐབས་སྤུ་ཙམ་ཡང་མི་སྤྲོད་པ་དང་ཁ་ཕྲལ་རིང་ལུགས་པས་རང་ལྗོངས་ཀྱི་བརྟན་ལྷིང་ཞི་མཐུན་གྱི་དུས་བབ་བཟང་པོར་གཏོར་བཤིག་གཏན་ནས་གཏོང་དུ་མི་འཇུག་པར་ལྗོངས་ཡོངས་སུ་གནད་དོན་ཆེ་འབྲིང་ཆུང་གསུམ་ཚང་མ་མི་ཐོན་པའི་འགན་ལེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་ཆེད་ང་ཚོས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བཪྙན་འཕྲིན་ཁ་པར་སྐུད་འབྲེལ་མཇུག་འགྲིལ་རྗེས་ཧའོ་ཕུང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཞབས་ཐང་མར་བར་སྐོར་དང་ར་མོ་ཆེ་གཙུག་ལག་ཁང་སོགས་ཀྱི་ཁྲོམ་གཞུང་དང་སྲང་ལམ་དུ་ཕེབས་ནས་ལྷ་ས་གྲོང་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།
ས་སྲོས་སུ་སླེབས་པ་དང་ཆབས་ཅིག་ཕྱི་རོལ་གྱི་དྲོད་ཚད་ཀྱང་རིམ་བཞིན་དམའ་རུ་ཕྱིན་ཞིང་། མཚན་དགུང་དུ་རབ་གསལ་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ལས་དོན་རུ་ཁག་གི་རུ་མི་དང་ཁྲེང་ཀོན་ཆུས་དཔལ་གླིང་སྡེ་ཁུལ་གྱི་ལས་དོན་མི་སྣ་ཁག་གཅིག་སྔར་བཞིན་ཁྲོམ་གཞུང་དུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ནན་ཏན་ངང་གྲལ་བཤེར་བྱེད་བཞིན་ཡོད་པ་དང་ཁོང་ཚོ་ནི་རང་རྟོགས་ངང་མཉམ་འབྲེལ་འགོག་སྲུང་རུ་ཁག་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དུ་ཡོང་སྟེ་སྡེ་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་ཡོད་པ་མཁྱེན་རྗེས་ཧའོ་ཕུང་སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་ཚོའི་བྱ་སྤྱོད་ལ་བསྔགས་བརྗོད་ཆེན་པོ་གནང་བ་རེད།
ཧའོ་ཕུང་དང་བཅས་པས་ལམ་བར་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ལས་སྒྲུབ་ས་ཚིགས་ཁག་ཏུ་ཞིབ་བཤེར་གནང་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཕྱི་ཕྱོགས་དོན་གཅོད་གཞུང་དོན་ཁང་དང་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་སོགས་ཚན་པའི་ལས་རེས་དང་ལས་རེས་སྣེ་ཁྲིད་ཀྱི་གནས་ཚུལ་ལ་མངོན་མེད་བརྟག་དཔྱད་གནང་བ་དང་ཚན་པ་ཁག་གི་བདེ་སྲུང་གི་བྱེད་ཐབས་ནན་པ་དང་འགོག་སྲུང་གི་ལམ་སྲོལ་འཐུས་སྒོ་ཚང་པོ་ཡོད་པ་གཟིགས་སྐབས་ཧའོ་ཕུང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པར་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་ལས་རེས་སྣེ་ཁྲིད་ལམ་ལུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཚན་པའི་བདེ་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་བཅས་བྱས་ཐོག་འཕྲལ་དུ་བྱ་སྤྱོད་སྤེལ་བའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས “རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མིར་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ ”བཅས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས་ནས་ལས་རིགས་དང་ཁོངས་གཏོགས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།