ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་འདུའི་ཐོག་ཁག་སོ་སོར་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གཏན་འབེབས་འཆར་ཟིན་སོགས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་པང་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་འབྱོར་དགོས་པའི་མི་གྲངས་170ཡིན་པ་དང་དངོས་སུ་མི་གྲངས་164འབྱོར་ཡོད་པས་ཚོགས་འདུར་ཞུགས་མཁན་གྱི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་འཚམས་ཡོད་པ་རེད།
ཟླ་3ཚེས་5དང་ཚེས་6ཉིན་འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་ཁྱབ་པ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་གཙོ་རྐང་མངོན་གསལ་དོད་པ། མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་མངོན་པ་བཅས་ཀྱི་ཐོག་ནས་ལས་དོན་ཕྱོགས་སྡོམ་བྱེད་སྐབས་དངོས་ཐོག་བདེན་འཚོལ་དང་གཙོ་གནད་མངོན་གསལ་དོད་པ་དང་ལས་དོན་བཀོད་སྒྲིག་བྱེད་སྐབས་བརྩོན་སེམས་ཆེ་ལ་གོམ་སྟབས་བརྟན་པ་དང་དམིགས་སའི་རང་བཞིན་ཆེ་བའི་ངོས་འཛིན་གནང་ནས་དེར་མོས་མཐུན་ཡོད་ཅེས་གསུངས་པ་རེད། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་དང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་དང་། སྤྱིའི་བསམ་ཕྱོགས། ཡག་པོ་སྒྲུབ་དགོས་པའི་ཕྱོགས་ཁག་གི་ལས་དོན་བཅས་ལ་ཡོངས་ཁྱབ་ངང་མོས་མཐུན་གནང་ནས་དམིགས་ཚད་དང་། ལས་འགན། བླང་བྱ་བཅས་དེ་དག་འབད་བརྩོན་བྱས་པ་བརྒྱུད་མངོན་འགྱུར་ཐུབ་པའི་ངོས་འཛིན་གནང་བ་རེད། གྲོས་ཞིབ་གནང་རིང་འཐུས་མི་ཚོས་བསམ་འཆར་དང་གྲོས་འགོ་ཁག་གཅིག་ཀྱང་བཏོན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཟོ་བཅོས་ནན་ཏན་བརྒྱབ་པ་དང་ཁྱོན་ཁག་19ལ་བཟོ་བཅོས་བརྒྱབ་པའི་ནང་གལ་ཆེ་ཙམ་ཁག་9ཡོད་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་དེ་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧྲི་ཤིའུ་ཧྲེས་ཚོགས་འདུའི་ཐོག་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧྲི་ཤིའུ་ཧྲེས་ད་དུང་ཚོགས་འདུའི་ཐོག་2011ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་ལག་བསྟར་བྱས་ཚུལ་དང་2012ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་གནང་བ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་གཉིས་པོར་གྲོས་འཆམ་བྱུང་བ་རེད།
ཟླ་3ཚེས་7ཉིན་འཐུས་མི་ཚོགས་པ་ཁག་གིས་འཆར་གཞིའི་སྙན་སྒྲོན་དང་། འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་སྒྲོན། སྔོན་རྩིས་འཆར་ཟིན་བཅས་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ཏེ་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་བཟོ་བཅོས་ནན་ཏན་བརྒྱབ་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་2011ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2012ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཟླ་3ཚེས་8དང་ཚེས་9ཉིན་འཐུས་མི་ཚོགས་པ་ཁག་གིས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གཏན་འབེབས་འཆར་ཟིན་བཏོན་པ་རེད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧུའུ་ཁང་ཧྲེང་གིས་གནང་བའི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱས་འབྲས་སྐོར་གྱི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཟླ་3ཚེས་8དང་ཚེས་9ཉིན་འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧུའུ་ཁང་ཧྲེང་གིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་གནང་བ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཟླ་3ཚེས་8དང་ཚེས་9ཉིན་འཐུས་མི་ཚོགས་པ་ཁག་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་བྱ་ཐབས་འཆར་ཟིན་གཉིས་ལ་གྲོས་ཞིབ་གནང་བ་མ་ཟད་བྱ་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་བཏོན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧུའུ་ཁང་ཧྲེང་གིས་ཁག་སོ་སོར་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་བྱ་ཐབས་འཆར་ཟིན་གཉིས་པོའི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་གནང་བ་རེད།
ཚོགས་འདུའི་ཐོག་ཁག་སོ་སོར་བརྡས་ཐག་བཅད་པ་བརྒྱུད་བྱ་ཐབས་འཆར་ཟིན་གཉིས་པོའི་བཟོ་བཅོས་མ་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཚེས་10ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། སྲིད་གྲོས་ཨུ་ཡོན་16གིས་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་རྒྱུ་དང་། སློབ་གསོའི་ཐོན་ཁུངས་དོ་སྙོམས་ངང་བཀོད་སྒྲིག་བྱ་རྒྱུ། ཚན་རྩལ་གྱི་གདེང་འཇོག་དང་བྱ་དགའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ཚོགས་ཆེན་གྱི་གཏམ་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་ཚོགས་འདུར་ཕེབས་ཡོད་པ་རེད།