དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་9ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ་མུ་མཐུད་ཚོགས་ཆུང་ཁག་བགོས་བྱས་ནས་གྲོས་ཞིབ་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་ཞིང་། ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་འགན་ལེན་དང་། འབབ་འཕར་ལ་སྐུལ་གཏོང་། ཟོག་གོང་ཚོད་འཛིན། སྒྱུར་བཅོས་ལ་དམ་འཛིན། སྒོ་མོ་རྒྱ་ཆེར་འབྱེད་པ། དམངས་འཚོར་ཕན་འདོགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་བོད་འཕེལ་རྒྱས་བྱུང་བ་དེ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཟབ་བཞེས་གནང་བ་དང་། ཀྲུང་དབྱང་གི་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བ་བཅས་དང་བྲལ་ཐབས་མེད་པ་ཞིག་རེད། དེ་ནི་རང་ལྗོངས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་རེད། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས “མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཏན་ཏན་ཏིག་ཏིག་གི་སྒོ་ནས་སྐུལ་འདེད་གཏོང་དགོས ”ཞེས་གསལ་བཏོན་གནང་ཡོད། ལོ་གཅིག་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་ཁ་གསལ་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ནན་ཏན་ངང་དོན་འཁྱོལ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ནན་ཏན་ངང་དོན་འཁྱོལ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་ཐོན་ལས་དང་པོ་གོང་མཐོར་ཧུར་ཐག་བཏང་བ་དང་། ཐོན་ལས་གཉིས་པ་ཆེ་རུ་ཤུགས་ཆེན་བཏང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུར་ཤུགས་བརྒྱབ་ཡོད། དེ་དང་ཕྱོགས་མཚུངས་སུ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལག་རྒྱ་གློད་ནས་འཕེལ་རྒྱས་བཏང་བ། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། 2011ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་605.8ཟིན་ནས་12.7%འཕར་བ་དང་། དཔྱ་ཁྲལ་ཁག་སྒོར་དུང་ཕྱུར་96.6ཟིན་ནས་90.7%འཕར་བ། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.8ཟིན་ནས་49.4%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.2%ནང་ཚུན་དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16196ཟིན་ནས་8.1%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4904ཟིན་ནས་18.5%འཕར་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ཁྲོད་ནས་དངོས་ཕན་ཐོབ་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ཡི་ཡོད་ལ་ང་ཚོར་བོད་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་པའི་ཡིད་ཆེས་བརྟན་པོ་ཞིག་ཀྱང་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་འདི་ལོ་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གིས་བཏོན་པའི་བརྟན་པོའི་ཐོག་ཡར་རྒྱས་བརྩོན་ལེན་བྱེད་དགོས་པའི་སྤྱིའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། བརྟན་པོའི་ཐོག་མྱུར་ཚད་བརྩོན་ལེན་བྱེད་པའི་སྤྱིའི་བླང་བྱ་འབུར་དུ་ཐོན་པ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་འགན་ལེན་དང་། འབབ་འཕར་ལ་སྐུལ་གཏོང་། ཟོག་གོང་ཚོད་འཛིན། སྒྱུར་བཅོས་ལ་དམ་འཛིན། སྒོ་མོ་ཆེར་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་15%ཡན་འཕར་བ། གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་18%ཡན་འཕར་བ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་གྲངས་18%ཡན་འཕར་བ། ཕྱིར་གཏོང་ནང་འདྲེན་ཚོང་དོན་12%ཡན་འཕར་བ། གྲོང་ཁྱེར་དང་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.5%ཡན་འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་13%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་གྲངས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ནང་ཚོད་འཛིན་ཐུབ་པ་བཅས་ཀྱི་བརྩོན་ལེན་བྱེད་དགོས། གཅིག་ནས་བོད་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ལེགས་ཆའི་ནུས་པ་འདོན་སྤེལ་གང་ཐུབ་ཅི་ཐུབ་བྱེད་དགོས་པ་དང་། གཉིས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཤུགས་བརྒྱབ་ནས་རྒྱལ་ཁབ་ཀྱིས་རང་ལྗོངས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གནང་བའི་རྣམ་གྲངས་གལ་ཆེན་226ལ་སེམས་ཤུགས་གཅིག་སྡུད་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་དེ་བྱིངས་ཀྱི་རྣམ་གྲངས་113ཚང་མ་འདི་ལོ་ཞིབ་བཤེར་ཆོག་མཆན་ཐོབ་པའི་བརྩོན་ལེན་བྱེད་དགོས་པ། གསུམ་ནས་འཇུར་མིག་གི་ཚོད་འཛིན་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལངས་གཟུགས་འགྲིམ་འགྲུལ་མ་ལག་དང་། ཕྱོགས་བསྡུས་ནུས་རྒྱུའི་མ་ལག ཆུ་བེད་འགན་ལེན་མ་ལག དེང་རབས་འཕྲིན་གཏོང་མ་ལག་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ། བཞི་ནས་ཁྱད་ལྡན་ཐོན་ལས་སྐྱེད་བསྲིང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་པོ་གོང་མཐོར་གཏོང་དགོས་པ་དང་། ཐོན་ལས་གཉིས་པ་ཆེ་རུ་གཏོང་དགོས་པ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་དགོས། དེ་དང་ཕྱོགས་མཚུངས་ལེགས་ལྡན་གཏེར་ཁའི་ཐོན་ལས་དང་། ནུས་རྒྱུའི་ཐོན་ལས། འཛུགས་སྐྲུན་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་སྲོག་ཤིང་ཐོན་ལས་གཙོ་གནད་དུ་འཛིན་ནས་གཏོད་དགོས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ལྔ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གྲངས་འབོར་མང་དུ་འགྲོ་རྒྱུ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲུག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ནང་ས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། ཁ་གཏད་བོད་སྐྱོར་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མཐའ་མཚམས་ཉོ་ཚོང་གི་གཞི་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།