དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་དང་ལྷོ་ཁའི་ཞིང་འབྲོག་མང་ཚོགས་ལྷན་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ལྷོ་ཁ་ས་ཁུལ་དུ་ཕེབས་ཏེ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་མཉམ་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་ཞིང་། འདི་ནི་ཧའོ་ཕུང་གིས་ཁེ་གསུམ་གྲོང་མི་ཨུ་ཡོན་ལྷན་ཁང་གི་མང་ཚོགས་དང་མཉམ་དུ་སྒོར་གཞས་བསྐྱོན་པའི་གནས་ཚུལ་ཡིན་པ།

        བོད་ཀྱི་ལོ་གསར་རིང་ཡར་ལྷ་ཤམ་ཆུའི་ཕྱོགས་གང་སར་དགའ་སྟོན་དང་ཞི་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། ཟླ་2ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ལྷོ་ཁ་ས་ཁུལ་དུ་ཕེབས་ནས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་ལྷན་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ཚོར་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་གནང་བ་རེད། ཧའོ་ཕུང་དང་བཅས་པ་དང་ཐོག “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ ”སྟེ། སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཕེབས་ཤིང་། ཧའོ་ཕུང་རླངས་འཁོར་ནས་ཕེབས་མ་ཐག་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་མཇལ་དར་དང་། ཕྱེ་མར། མཆོད་ཆང་བཏེགས་པ་རེད། “ཡུལ་མི་ཚོ་ལོ་གསར་བཀྲ་ཤིས་བདེ་ལེགས ”དང “ཧྲུའུ་ཅི་ཧའོ་ཕུང་ལགས་ལོ་གསར་བཀྲ་ཤིས་བདེ་ལེགས ”ཞེས་ཧའོ་ཕུང་དང་ཡུལ་མི་ཕན་ཚུན་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་ཞུ་རེས་གནང་བ་དང་ཞིང་འབྲོག་པའི་འཐུས་མིར་འཚམས་འདྲིའི་དངོས་པོ་བསྩལ་རྗེས་ཧའོ་ཕུང་གིས་དེ་རིང་ནི་བོད་ཀྱི་ལོ་གསར་གྱི་ཚེས་བཞི་ཡིན་པས་རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་བལྟ་བར་ཡོང་བ་ཡིན། ཁེ་གསུམ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱེད་མཁན་གྲོང་ཚོ་དང་པོ་དང་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་ཞིང་པའི་མཐུན་ཚོགས་འཛུགས་མཁན་གྲོང་ཚོ་དང་པོ་དེ་ཡིན། ཁེ་གསུམ་བས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་འཕེལ་རྒྱས་དང་ཡར་ཐོན་གྱི་མདུན་གྲལ་དུ་བསྐྱོད་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་སྒྱུར་བཅོས་སྒོ་དབྱེ་དང་དེ་བཞིན་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་མ་ཟད། དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་པ་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་སྐྱེལ་བཞིན་ཡོད་ཅེས་གསུངས་པ་དང་ཁོང་གིས་ཁེ་གསུམ་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཡོངས་ཀྱིས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། བོད་ལྗོངས་གསར་པར་དགའ་ཞེན་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། དཀའ་སྤྱད་ཕྱུག་འགྱུར་བཅས་བྱས་ནས་རང་ཉིད་ཀྱི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་འཛུགས་སྐྲུན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། སྤྲོ་སྣང་ལྡན་པའི་གླུ་སྒྲའི་ཁྲོད་ཧའོ་ཕུང་གིས་དགྱེས་ཚོར་ཆེན་པོས་ཚང་མ་དང་ལྷན་དུ་སྒོར་གཞས་བསྐྱོན་པ་དང་བོད་ཀྱི་ལོ་གསར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།

        ཧའོ་ཕུང་དང་བཅས་པས་ད་དུང་ལྷོ་ཁ་ས་ཁུལ་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་སྤྱི་བདེ་ཁྲུའི་110བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ས་ཁུལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་། ལས་རེས་དང་ལས་རེས་སྣེ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་ཤིང་། ཁོང་གིས་ནང་མི་མཉམ་འཛོམས་ཀྱི་དུས་སུ་ཚང་མས་ངལ་གསོའི་དུས་ཚོད་བློས་བཏང་སྟེ་རང་འགན་གཙང་སྒྲུབ་ངང་བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་རང་ལྗོངས་སུ་གནད་དོན་ཆེ་འབྲིང་ཆུང་གསུམ་མི་ཐོན་པའི་འགན་ལེན་བྱས་ཡོད་པས་རང་ཉིད་ཀྱིས་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་ཚབ་ཞུས་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ལོ་གསར་པའི་ནང་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་འགན་འཁྲི་ལྕི་པོ་ཁུར་ཐུབ་པ་དང་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་སྟེ་དེ་བས་སྙིང་སྟོབས་ཀྱིས་ཁེངས་པ་དང་དེ་བས་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལྷོ་ཁ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

        ལྷོ་ཁ་ས་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་གནང་སྐབས་ཧའོ་ཕུང་གིས་ལྷོ་ཁ་ས་ཁུལ་གྱི་ཚན་ཁག་མཐུན་སྒྲིལ་དང་། སྟོབས་ཤུགས་གོང་བུ་སྒྲིལ་བ། ལས་ཀའི་བསམ་ཕྱོགས་ཁ་གསལ་བ་བཅས་ཡོད། ད་ཕན་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་འགྱུར་བ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ངར་ཤུགས་འཕེལ་བ་བཅས་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེའི་ཐད་ཁས་ལེན་གང་ལེགས་གནང་གི་ཡོད་ཅེས་གསུངས་པ་རེད། ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱི་ཡོངས་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་ཉེན་ཁ་དང་འགྲན་སློང་སྔར་བཞིན་གནས་ཡོད་པས་ལྷོ་ཁ་ས་ཁུལ་གྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མིག་སྔའི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས “བརྟན་པོ་ཡོང་བའི་ཐོག་མྱུར་ཚད་བརྩོན་ལེན་བྱེད་པའི ”འཕེལ་རྒྱལ་ལ་སྐུལ་འདེད་གཏོང་ཆེད་མཐུན་རྐྱེན་བཟང་པོ་སྐྲུན་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།

        ལྷོ་ཁར་བཞུགས་རིང་ཧའོ་ཕུང་གིས་ད་དུང་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་དང་ལས་དོན་སྤེལ་ཚུལ་ལ་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་གནང་བ་མ་ཟད། རྩེད་ཐང་གྲོང་རྡལ་བདེ་སྐྱིད་ཁུལ་ཆུང་གི་གནས་སྐབས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་ཞིབ་བཤེར་གནང་བ་རེད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་ཁག་གི་གོ་རིམ་དང་གོ་མཚོན་འགན་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་རྗེས་ལྷོ་ཁ་ས་ཁུལ་གྱིས་གུར་རྒྱག་པ་དང་བོགས་གཏོང་ཁང་པ་གླ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནས་སྐབས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་མགྱོགས་མྱུར་བཙུགས་པའི་བྱེད་ཐབས་ལ་ཧའོ་ཕུང་གིས་ཁས་ལེན་གང་ལེགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།