དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་20ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡང་བཞག་པ་རེད། གྲོས་མཐུན་ལ་གཞིགས་ན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བོད་ཀྱི་ནང་མཁོའི་གློག་ཤུགས་དང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས “བོད་གློག་ཕྱིར་སྐྱེལ ”གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྥན་ཅི་ཤང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་འབྲེལ་གྲོས་མཐུན་ཐོག་ཐུན་མོང་ཐོག་མཚན་རྟགས་བཀོད་གནང་བ་རེད།

        ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་གཞོན་པ་ཡན་ཀྲེ་ཡུང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་བཅས་ཕེབས་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་བཞུགས་མོལ་ཚོགས་འདུ་དང་མཚན་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་རིང་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས་པད་མ་འཕྲིན་ལས་ཀྱིས་དུས་ཡུན་རིང་པོའི་ནང་ཏང་ཀྲུང་དབྱང་དང་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཁབ་པུའུ་ཨུད་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་བོད་ཀྱི་གློག་ཤུགས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་གཞི་ཁྱོན་རགས་ཙམ་ལྡན་པའི་དེང་རབས་ཀྱི་གློག་ཤུགས་བཟོ་ལས་མ་ལག་ཅིག་ཆགས་ཡོད་མོད། འོན་ཀྱང་ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་སོགས་ཀྱིས་རྐྱེན་པས་བོད་འདི་ཉིད་སྔར་བཞིན་རྒྱལ་ཡོངས་ཀྱི་དར་རྒྱས་མེད་པའི་ས་ཁུལ་ཞིག་ཡིན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཐེབས་པ་དང་གློག་མི་འདང་བའི་གནས་ཚུལ་དེ་སྔར་བཞིན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི “འཇུར་མིག ”མངོན་གསལ་དོད་པོ་ཞིག་རེད། བོད་དུ་ནུས་རྒྱུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ཇི་ལྟར་བྱས་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་ནུས་རྒྱུའི་ཐོན་ཁུངས་དེ་རྫོགས་མཐའ་མེད་པའི་གློག་ཤུགས་ནུས་རྒྱུ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་ཀྱི་ནུས་རྒྱུའི་ཐོན་ཁུངས་དེ་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་བེད་སྤྱོད་མགྱོགས་སུ་བཏང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་མིག་སྔར་བོད་རང་སྐྱོང་ལྗོངས་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་དབར་མཉམ་ལས་བྱེད་པར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ནས “ནུབ་གློག་ཤར་སྐྱེལ ”གྱི་རྒྱུན་མཐུད་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བླང་བྱ་གཞིར་བཟུང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གྲོས་མཐུན་ལག་ལེན་ནན་ཏན་བསྟར་བ། དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་མཉམ་ལས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་སྟེ་བོད་ཀྱི་ནུས་རྒྱུ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

        ཧྥན་ཅི་ཤང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ནུས་རྒྱུའི་ཐོན་ཁུངས་དེ་ཐོན་ནུས་ཐོན་ཁུངས་ཤིག་ཏུ་འགྱུར་བ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་ཆེ་རུ་གཏོང་བར་རོགས་རམ་བྱ་རྒྱུ་ཡིན། རེ་བར་ཕྱོགས་གཉིས་པོས་སླད་ཕྱིན་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་ལྡོག་གཏོང་རྒྱུ་དེ་གཙོ་རྐང་དང་། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དེ་མཛུབ་ཁྲིད་ཀྱི་རྩ་དོན། ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ལས་དོན་དེ་མཉམ་ལས་ཀྱི་འབྲེལ་མཐུད་བྱེད་ས། ཞིབ་ཕྲའི་རྣམ་གྲངས་དེ་མཉམ་ལས་ཀྱི་གཞི་བརྟེན་བཅས་སུ་བྱས་ནས་ཟོལ་མེད་ངང་མཉམ་ལས་བྱེད་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུ་དང་མཚན་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།