དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྷ་སའི“སེ་ར་ཕུར་མཇལ”གྱི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་ཡོལ་ཙམ་ལ་དུས་ཡུན་ཉིན་གཅིག་ཡིན་པའི་ལྷ་སའི “སེ་ར་ཕུར་མཇལ ”གྱི་ཆོས་ལུགས་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། དད་ལྡན་མང་ཚོགས་ཁྲི་ཁ་ཤས་ཀྱིས་སེ་ར་དགོན་པར་ཕུར་མཇལ་ཞུས་ནས་ལོ་གསར་པའི་ནང་ཁམས་བཟང་བདེ་སྐྱིད་དང་རྒྱལ་དར་དམངས་བདེ་ཡོང་བའི་སྨོན་ལམ་བཏབ་པ་རེད།

        ཚེས་18ཉིན་གྱི་ཐོ་རེངས་ནས་བཟུང་སེ་ར་དགོན་པར་བསྐྱོད་སའི་ལམ་བར་དུ་ལག་ཏུ་མཇལ་དར་འཁྱེར་བའི་དད་ལྡན་མང་ཚོགས་རྣམས་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པའི་ཁྲིད་སྟོན་འོག་གྲལ་རིང་པོ་བསྒྲིགས་ནས་སྒྲིག་ལམ་ལྡན་པའི་ངང་ཕུར་མཇལ་ཞུ་རྒྱུར་སྒུག་བསྡད་ཡོད་པ་རེད། “ངས་ནང་མི་ཚང་མ་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བ་དང་ཚང་མའི་འཚོ་བ་སྔར་བས་ཕྱུག་ཏུ་འགྲོ་བའི་སྨོན་ལམ་འདེབས་ཀྱི་ཡོད ”ཅེས་ལྷུན་གྲུབ་རྫོང་ཐང་མགོ་ཤང་ཐང་མགོ་གྲོང་ཚོ་ནས་ཡིན་པའི་ད་ལོ་ལོ་73ལ་སླེབས་པའི་མཁས་གྲུབ་བསྟན་བཟང་ལོ་ལྟར “སེ་རར་ཕུར་མཇལ ”ཞུ་བར་ཡོང་ནས་སྨོན་ལམ་འདེབས་རྒྱུ་དེ་ནི་ཁོང་ཚོའི་ནང་མིས་བོད་ཀྱི་ལོ་གསར་གཏོང་སྐབས་ཀྱི་ནང་དོན་གལ་ཆེན་གྱི་གྲས་ཤིག་ལ་བརྩི་གི་ཡོད་པ་རེད།

        ཁོང་གིས་གསར་འགོད་པར་འཚོ་བའི་ཆུ་ཚད་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཕུར་མཇལ་ཞུས་རྗེས་ད་དུང་གྲོང་ཁྱེར་ནང་ནས་ལོ་གསར་གྱི་མཁོ་ཆས་ཉོས་རྗེས་རླངས་འཁོར་ནང་བསྡད་དེ་ཁྱིམ་དུ་ལོག་སྟེ་ལོ་གསར་ཡག་པོ་ཞིག་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་འདུག

        གསར་འགོད་པས་བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་འདམ་གཞུང་རྫོང་སྙིང་དྲུང་ཤང་སྨད་གླིང་གྲོང་ཚོའི་ཚོགས་ཆུང་བདུན་པའི་རྡོ་རྗེས་ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པའི་ཞིབ་ཚགས་པའི་ལས་དོན་ལ་བསྔགས་བརྗོད་ཆེན་པོ་བྱས་ཏེ “ལོ་ལྟར་ཕུར་མཇལ་ཞུ་བར་ཡོང་མཁན་མང་ཚོགས་ཧ་ཅང་མང་པོ་ཡོད་པ་དང་འཚང་ཁ་ཧ་ཅང་ཆེན་པོ་ཡོད་ཀྱང་ད་ལོ་མི་དམངས་ཉེན་རྟོག་པས་སྒྲིག་ལམ་སྲུང་པ་དང་ལྷག་པར་དུ་རྒན་རྒོན་དང་ཕྲུ་གུར་དེ་བས་ལྟ་སྐྱོང་བྱེད་པའི་བྱེད་སྟངས་འདི་རིགས་ཧ་ཅང་ཡག་པོ་འདུག ”ཅེས་ཤོད་ཀྱི་འདུག ལས་གནས་སུ་སྒྲིག་ལམ་སྲུང་བཞིན་ཡོད་པའི་མི་དམངས་ཉེན་རྟོག་པ་ཏུའུ་གོ་ཆང་གིས་གསར་འགོད་པར་སེ་ར་ཕུར་མཇལ་ཞུ་མཁན་མང་པོ་ཡོད་སྟབས་ཁོང་ཚོའི་རྒྱུན་གཏན་གྱི་སྒྲིག་ལམ་འགན་ལེན་བྱེད་ཆེད་ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང “ལྷག་པར་དུ་འཁར་རྒྱུག་ལ་བརྟེན་དགོས་པ་དང་དེ་བཞིན་རྐང་པ་ཐང་པོ་མེད་པའི་རྒན་རྒོན་སྐྱོར་ནས་ཕུར་མཇལ་ཞུ་མཁན་མི་ཚོགས་ཀྱི་རྗེས་ཟིན་ཐུབ་པ་བྱས་ནས་དད་ལྡན་མང་ཚོགས་རྣམས་བདེ་བླག་དང་མགྱོགས་པོའི་སྒོ་ནས་བསྐྱོད་རྒྱུའི་འགན་ལེན་བྱས་ཏེ་ཚང་མའི་བསམ་འདུན་འགྲུབ་ཐུབ་པ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད ”ཅེས་ཤོད་ཀྱི་འདུག

        “སེ་ར་ཕུར་མཇལ ”གྱི་བྱེད་སྒོ་འགོ་ཚུགས་པའི་སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧའོ་ཕུང་སྔ་རྗེས་སུ་སེ་ར་དགོན་པར་ཆེད་མངགས་ཐེངས་མང་ཕེབས་ཏེ་མང་ཚོགས་ཀྱིས་ཕུར་མཇལ་ཞུ་བ་དང་ས་ཆ་དེ་གའི་སྒྲིག་ལམ་སྲུང་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

        གཟིགས་ཞིབ་གནང་སྐབས་ཧའོ་ཕུང་གིས་ཕུར་མཇལ་ཞུ་མཁན་མང་ཚོགས་བསྐྱོད་སའི་ལམ་དུ་གཟིགས་པ་དང་དུས་འགོའི་བཀོད་སྒྲིག་ཞིབ་ཚགས་པོ་བྱས་པ་བརྒྱུད་གྲ་སྒྲིག་ལས་དོན་ཁག་གྲ་སྒྲིག་ཟིན་པ་ཤེས་རྗེས་ཐུགས་བློ་ཧ་ཅང་ཁེངས་པོ་གནང་བ་རེད། ཧའོ་ཕུང་གིས་ལས་འགན་སྒྲུབ་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ཞིང་། ཁོང་གིས་ཚང་མས་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ནས་བྱེད་སྒོའི་རྒྱུན་གཏན་གྱི་སྒྲིག་ལམ་འགན་ལེན་བྱ་ཆེད་ལས་གནས་བརྟན་སྲུང་དང་ངལ་འཁང་གཉིས་བཟོད་བྱས་ཤིང་། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚང་མར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        “སེ་ར་ཕུར་མཇལ ”གྱི་བྱེད་སྒོའི་གྲ་སྒྲིག་ལས་ཀའི་གནས་ཚུལ་སྙན་སེང་གསན་རྗེས་ཧའོ་ཕུང་གིས “སེ་ར་ཕུར་མཇལ ”གྱི་ལོ་རྒྱུས་ཧ་ཅང་རིང་བ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེ་ཙམ་ཡོད་པས་བྱེད་སྒོའི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་གང་ལེགས་མཚོན་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་གཏན་དང་སྒྲིག་ལམ་ལྡན་པའི་སྒོ་ནས་སྤེལ་རྒྱུ་འགན་ལེན་བྱེད་པ། དད་ལྡན་མང་ཚོགས་ཀྱི་དགོས་མཁོ་སྐོང་བ། རང་ལྗོངས་སུ་སྤྱི་ཚོགས་དོ་དམ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་དགའ་སྤྲོ་དང་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་གྱི་རྣམ་པ་གཏོད་རྒྱུ་བཅས་ཚང་མར་གལ་ཧ་ཆང་ཆེ་བའི་དོན་སྙིང་ལྡན་ཡོད། ལས་འགན་སྒྲུབ་མཁན་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་དགོན་པའི་དོ་དམ་མི་སྣས་ངེས་པར་དུ་དཀའ་དུབ་ལ་མི་སྐྲག་པའི་སྤྱོད་ཚུལ་མུ་མཐུད་དར་སྤེལ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འཚང་ཁ་རྒྱག་པ་དང་རྡོག་རྫིས་ཐེབས་པ་སོགས་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་པ་དང་བྱེད་སྒོ་བདེ་བླག་དང་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

        ཆེ་དགྲ་ལྷ་དང་། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་སྔ་རྗེས་སུ་ལྷན་དུ་གཟིགས་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།