དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཅ་ཆིང་ལིན་གྱིས་གཞིས་རྩེ་དང་མངའ་རིས་ཀྱི་བུ་ཡུག་གནོད་འཚེའི་ཉེན་སྐྱོབ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་གཞིས་རྩེ་དང་མངའ་རིས་ཀྱི་བུ་ཡུག་གནོད་འཚེའི་ཉེན་སྐྱོབ་གེགས་སེལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཅ་ཆིང་ལིན་གྱིས་གནང་བའི་མཆན་འགོད་མཛུབ་སྟོན་ནང་བློ་མཐུན་ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཉེན་སྐྱོབ་གེགས་སེལ་གྱི་ལས་དོན་སྔར་བས་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་དང་ལྷག་པར་དུ་ཁ་བའི་ཁྲོད་དུ་ལུས་པའི་མང་ཚོགས་ཀྱི་མི་ལུས་བདེ་འཇགས་འགན་ལེན་དང་། གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་ཡག་པོ། སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལའང་གནས་ཚུལ་དེར་དོ་ཁུར་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ། གེཌ་བར་བྱུང་བའི་མང་ཚོགས་དང་དེ་བཞིན་གེགས་སེལ་ལས་དོན་ནང་ཞུཌ་མཁན་ལས་བྱེད་པ་དང་མང་ཚོཌ་ལ་འཚམས་འདྲི་དང་ཐུཌ་རྗེ་ཆེ་ཞུ་རོཌ་ཞེས་མཛུབ་སྟོན་གནང་ཡོད་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་ལ་མཐོང་ཆེན་པོ་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་ཉེན་སྐྱོབ་གེགས་སེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་མཆན་འགོད་མཛུབ་སྟོན་གནང་ཞིང་། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་གནང་བའི་མཆན་འགོད་མཛུབ་སྟོན་ནང་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གེགས་ཁུལ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་གྱི་ཡོད་ལ་ཉེན་སྐྱོབ་གེགས་སེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཁ་གསལ་ཡང་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་ཉེན་སྐྱོབ་གེགས་སེལ་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཏེ་ཉེན་སྐྱོབ་གེགས་སེལ་ལས་དོན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུགས་བློ་བདེ་པོ་དང་གེགས་ཁུལ་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་སྟེ།

        གཅིག་ནས་བུ་ཡུག་གི་གནོད་འཚེ་སྔར་ལས་ཆེ་བའི་སྔོན་འགོག་གི་གྲ་སྒྲིག་ཡག་པོ་བྱེད་དགོས་ཤིང་། སྣང་མེད་ལྷོད་གཡེང་གི་བསམ་བློ་སྔོན་འགོག་བྱེད་དགོས་པ་དང་ཆབས་ཅིག་བསམ་བློ་དང་། མི་སྣ། དངོས་རྫས་སོགས་གྲ་སྒྲིག་གང་ལེགས་བྱ་རྒྱུའི་ལས་དོན་གཏིང་ཟབ་སྤེལ་ཏེ་མ་བྱུང་སྔོན་འགོག་བྱས་ནས་ཉེན་སྐྱོབ་གེགས་སེལ་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས་པ་དང་།

        གཉིས་ནས་མི་སྣའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་དགོས་ཤིང་། ཉེན་ཁ་ཆེ་བའི་ཁུལ་གྱི་མི་དམངས་མང་ཚོགས་གནས་སྤོ་འོས་འཚམ་དང་བཀོད་སྒྲིག་ཡག་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མི་སྣ་འཆི་རྨས་མི་ཡོང་བ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པ།

        གསུམ་ནས་ཕྱུགས་རིགས་ཀྱི་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བྱེད་དགོས་ཤིང་། ཕྱུགས་རིགས་ནི་ཞིང་འབྲོག་པའི་འབབ་ཁུངས་གཙོ་བོ་དེ་ཡིན་པས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཕྱུགས་རིགས་དགུན་བརྒལ་བྱ་རྒྱུ་བཀོད་སྒྲིག་བྱེད་པ་དང་། གཟན་རྩྭ་དང་གཟན་ཆགས་མྱུར་འདྲེན་བྱེད་པ། གེགས་བར་བྱུང་ཚུལ་ཚབས་ཆེ་བའི་ས་ཁུལ་གྱི་ཕྱུགས་རིགས་གནས་སྤོ་བྱེད་པ། གནས་སྤོ་བྱེད་མི་དགོས་པར་ཡང་དེ་མཚུངས་ཀྱི་འགོག་སྲུང་བྱེད་ཐབས་སྤྱོད་པ། ཕྱུགས་རིགས་འཆི་རྨས་ཡོང་རྒྱུ་འགོག་ཟོན་གང་ཐུབ་ཅི་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་ཞིང་འབྲོག་པར་གནོད་འཚེ་ཕོག་པ་ལས་གྱོང་གུན་ཕོག་ཚད་དམའ་རུ་ཧུར་ཐག་གཏོང་དགོས་པ།

        བཞི་ནས་རྨང་གཞིའི་སྒྲིག་བཀོད་མགྱོགས་ནས་མྱུར་དུ་ཉམས་གསོ་བྱེད་དགོས་ཤིང་། ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་སྐྱོན་ཤོར་བའི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་སྒྲིག་བཀོད་དུས་ཚོད་དམ་འཛིན་གྱིས་ཉམས་གསོ་དང་སླར་གསོ་བྱས་ནས་ཉེན་སྐྱོབ་གེགས་སེལ་ལས་དོན་དང་ཐོན་སྐྱེད་འཚོ་བ་སླར་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས། དེ་དང་ཕྱོགས་མཚུངས་བུ་ཡུག་གི་གནོད་འཚེ་སྔར་ལས་ཆེ་བ་ཕོག་རྒྱུ་སྔོན་འགོག་གི་གྲ་སྒྲིག་ལས་ཀ་ཡག་པོ་བྱས་ནས་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ།

        ལྔ་ནས་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ཞིབ་ཚགས་དང་སྒྲིག་འཛུགས་ཡག་པོ་བྱེད་དགོས་ཤིང་། གེགས་སེལ་དངུལ་དང་དངོས་རྫས་མུ་མཐུད་གཏོང་འདྲེན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ལྟོ་ཆས་ཟ་རྒྱུ་ཡོད་པ་དང་། ཆུ་འཐུང་རྒྱུ་ཡོད་པ། གོས་གྱོན་རྒྱུ་ཡོད་པ། དྲོད་གཏོང་སྒྲིག་ཆས་ཡོད་པ། ནད་གཞི་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་བྱེད་དགོས། དུས་མཚུངས་སུ་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལག་པ་སྔ་ཙམ་སྒུལ་ཏེ་འཆར་འགོད་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་གེགས་བར་བྱུང་བའི་མི་དམངས་མང་ཚོགས་རྣམས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུ་ཡོང་བ་བྱེད་དགོས་པ།

        དྲུག་ནས་ཉེན་སྐྱོབ་གེགས་སེལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་ཤིང་། ཉེན་སྐྱོབ་གེགས་སེལ་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱེད་པ་དང་གེགས་ཁུལ་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ་དང་ཆབས་ཅིག་དོགས་ཟོན་ཆེར་བསྐྱེད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པའི་ཐོག་ནས་དགྲ་འཛིན་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་གཏོར་བཤིག་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་བྱེད་པ་དང་སྦྲགས་ཐལ་བའི་རྡུལ་དུ་བརླགས་ནས་གེགས་བར་བྱུང་བའི་གནས་ཚུལ་འོག་ཏུའང་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་སྔར་བཞིན་བཀྲ་ཤིས་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་གཏོང་རྒྱུ་ཡོང་བ་བྱེད་དགོས་པ།

        བདུན་ནས་ཉེན་སྐྱོབ་གེགས་སེལ་ལ་དམིགས་ཏེ་སྡེ་ཚན་ཁག་གི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་དགོས་ཤིང་། རིམ་ཁག་གསར་འགྱུར་དྲིལ་བསྒྲགས་སྡེ་ཚན་གྱིས་གེགས་ཁུལ་དང་གེགས་ཁུལ་མང་ཚོགས་ཁྲོད་དུ་བསྐྱོད་དེ་ཉེན་སྐྱོབ་གེགས་སེལ་བྱེད་རིང་འབུར་དུ་ཐོན་པའི་དཔེ་མཚོན་དུས་ཐོག་ཏུ་ཤེས་རྟོགས་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཉེན་སྐྱོབ་གེགས་སེལ་བྱེད་རིང་ཐོན་པའི་ཕུལ་བྱུང་ལས་བྱེད་པར་དུས་ཐོག་ཏུ་གཟེངས་བསྟོད་དང་ལྷག་པར་དུ་འབུར་དུ་ཐོན་པ་གོ་གནས་སྤོར་བ་དང་གལ་ཆེ་སར་བསྐོ་སྤྱོད་བྱེད་དགོས་པ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་གེགས་ཁུལ་གྱི་གཞི་རིམ་དུ་བསྐྱོད་དེ་ལས་བྱེད་པ་ལས་གནས་ཐོག་ཡོད་མིན་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་ཚུལ། འགན་འཁྲི་གཙང་སྒྲུབ་བྱ་ཚུལ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འགག་རྩའི་དུས་སུ་ལས་གནས་ནས་རང་དགར་ཕྱིན་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མི་བལྟོས་མཁན་རྣམས་ཀྱི་འགན་འཁྲི་རྩད་ཆོད་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།