དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ལྗོངས་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ནས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གི་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ལོ་གཉིས་ཀྱི་ནང་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཡོད་ཚད་ལ་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་སྤྱིར་ན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ནས་ནད་ཕོག་བྱིས་པ་དང་ཁོང་ཚོའི་ཁྱིམ་ཚང་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་ནང་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བའི་དབང་གིས་བོད་ཀྱི་བྱིས་པར་ལྷན་སྐྱེས་སྙིང་ནད་ཕོག་ཚད་དེ་ས་བབ་དམའ་བའི་ས་ཁུལ་ལས་མངོན་གསལ་དོད་པོས་ཆེ་བ་ཡོད་པ་དང་དེ་ནི་ལྗོངས་ཡོངས་ཀྱི་མིའི་བདེ་ཐང་དང་བྱང་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། བསྡོམས་རྩིས་ལྟར་ན། ལྗོངས་ཡོངས་སུ་ལྷན་སྐྱེས་སྙིང་ནད་ཕོག་མཁན་བྱིས་པ་ཁྲི་གཅིག་ལྷག་ཙམ་ཡོད་པ་དང་། ཉེ་ལམ་ལོ་ཤས་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན། སྤྱི་ཚོགས་ལས་རིགས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་རང་སྐྱོང་ལྗོངས་ཀྱིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་མིག་སྔར་སྨན་རིན་མི་དགོས་པར་ནད་ཕོག་པའི་བྱིས་པ་3000ལྷག་ཙམ་ལ་སྲོག་སྐྱོབ་སྨན་བཅོས་བྱས་ཏེ་ནད་ཕོག་བྱིས་པ་དང་ཁོང་ཚོའི་ཁྱིམ་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལོངས་སྤྱོད་ཐུབ་པ་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལོངས་སྤྱོད་ཐུབ་པ་བྱས་ཡོད། ས་ཁུལ་ཁག་གི་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀ་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་ཡོན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་མགྱོགས་མྱུར་སྤྱིར་ན་ལེགས་གྲུབ་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་རེད།

        དེ་ཡང་གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ས་ཁུལ་ཁག་གི་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་མཐོ་ཚད་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་མཐོ་ཚད། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་གཏོད་རྒྱུའི་མཐོ་ཚད། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཐོ་ཚད་བཅས་ཀྱི་ཐོག་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཚད་མཐོའི་མཐོང་ཆེན་དང་ལས་ཀ་སྤེལ་ཤུགས་ཆེ་རུ་གཏོང་བ། བསམ་བློར་བཅིངས་འགྲོལ་དང་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཏང་དང་སྲིད་གཞུང་གིས་གནང་བའི་ཐུགས་ཁུར་དང་དྲོ་སྐྱིད་ནད་ཕོག་པའི་བྱིས་པའི་ཁྱིམ་ཚང་གིས་ཚོར་བ་བྱས་ནས་མགྱོགས་མྱུར་ནད་གཞི་ཕོག་མཁན་བྱིས་པ་ཡོད་ཚད་བདེ་ཐང་ཡིན་པའི་བྱིས་པ་ཚོ་དང་འདྲ་བར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་བདེ་ཐང་དང་བདེ་སྐྱིད་ལྡན་པའི་སྒོ་ནས་འཚར་ལོངས་ཡོང་བ་བྱེད་དགོས་པ་དང་།

        གཉིས་ནས་འདེམས་སྒྲུག་བརྟག་དཔྱད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་ཤིང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་མི་རེ་ངོ་རེ་བྱས་ནས་ཞིབ་ཚགས་ངང་འདེམས་སྒྲུག་བརྟག་དཔྱད་ཀྱིས་དུད་ཚང་དང་བྱིས་པ་གཅིག་ཀྱང་མ་ལུས་པ་བྱས་ཏེ་མི་གྲངས་ཁ་གསལ་དང་གནས་ཚུལ་ཁ་གསལ་དངོས་འབྲེལ་ཐུབ་པ་བྱས་ནས “སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས ”བཅས་བྱེད་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་འདེམས་སྒྲུག་བརྟག་དཔྱད་དང་ནད་བརྟག་སྨན་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དམངས་ལ་བྱ་བ་དངོས་བསྒྲུབས་པའི་ནང་དོན་གྱི་གྲས་ཤིག་ཏུ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་འདེམས་སྒྲུག་བརྟག་དཔྱད་དང་ནད་བརྟག་སྨན་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ།

        གསུམ་ནས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱིས་རོགས་སྐྱོར་བྱེད་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་ཀྱི་རོགས་སྐྱོབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་མང་པོར་བརྟེན་ནས་སྨན་རིན་མི་དགོས་པར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྲོག་སྐྱོབ་སྨན་བཅོས་བྱེད་པའི་གྲོན་དངུལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་མགྱོགས་མྱུར་ལེགས་སྒྲུབ་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས་པ།

        བཞི་ནས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་གོང་འོག་དང་། སྤྱི་ཚོགས་ལས་རིགས་ཁག བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་ཁེ་ལས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལོ་གཉིས་ཀྱི་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཡོད་ཚད་ལ་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་སྤྱིར་ན་ལེགས་སྒྲུབ་བྱེད་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། དེ་དང་ཆབས་ཅིག་སྐབས་བསྟུན་གྱི་འདེམས་སྒྲུག་བརྟག་དཔྱད་དང་སྲོག་སྐྱོབ་སྨན་བཅོས་ལམ་ལུགས་བཙུགས་ནས་ནད་དཔེ་གཅིག་ཐོན་ཚེ་དེ་བཅོས་ནས་རྦད་དེ་དྲག་སྐྱེད་ཐུབ་པ་བྱས་ཏེ་ནད་གཞི་ཕོག་པའི་བྱིས་པ་དང་དེའི་ཁྱིམ་ཚང་ལ་ཏང་དང་སྲིད་གཞུང་གིས་གནང་བའི་ཐུགས་ཁུར་ཚོར་ཐུབ་པ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་པ།

        ལྔ་ནས་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བྱིས་པར་བྱམས་བརྩེ་དང་དྭ་ཕྲུག་སྐྱོང་བའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་ནད་གཞི་ཕོག་པའི་བྱིས་པ་དེ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུར་བརྩིས་ནས་ལེགས་ཆ་འདོན་སྤེལ་དང་། རྒྱབ་སྐྱོར་ཧུར་ཐག ཧུར་ཐག་ཞུགས་པ་བཅས་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་ཁག་གིས་རྒྱ་ཁྱབ་ངང་སྐུལ་སློང་ཤུགས་ཆེན་བྱེད་པ་དང་དཔེ་མཚོན་དྲིལ་བསྒྲགས་བྱས་ནས་རྣམ་པ་ཞིག་ཆགས་པ་བྱེད་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་ལ་མི་ཚང་མས་མཐོང་ཆེན་བྱེད་པ་དང་། མི་ཚང་མས་རྒྱབ་སྐྱོར་བྱེད་པ། མི་ཚང་མ་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་དེ་མི་ཚང་མས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་དོན་ལ་ལེགས་སྐྱེས་འབུལ་བའི་མཉམ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།