དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་སྡེ་ཁུལ་གྱི་རིག་གནས་འཛུགས་སྐྱོང་དང་བཟའ་བཅའི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་13ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ལྷ་ས་གྲོང་ཁྱེར་སྡེ་ཁུལ་གྱི་རིག་གནས་འཛུགས་སྤེལ་དང་བཟའ་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཧའོ་ཕུང་གིས་འོ་བརྒྱལ་ཐང་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གི་རུ་མི་དང་མཉམ་དུ་སྒོར་གཞས་བསྐྱོན་པའི་གནས་ཚུལ་ཡིན་པ།

        བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་སྤྲོ་སྣང་དང་དགའ་སྟོན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། “དུས་ཆེན་རིང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་མེད ”དང “བཟའ་བཅའི་བདེ་འཇགས་འགན་ལེན་ཡོད་མེད ”ཀྱི་གནད་དོན་དེ་དག་ཐད་ཚེས་13ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དང་བཟའ་བཅའ་ལས་སྣོན་ཁེ་ལས་ཁག་ཅིག་ཏུ་ཕེབས་ནས་བོད་ཀྱི་ལོ་གསར་རིང་གི་སྡེ་ཁུལ་གྱི་རིག་གནས་འཛུགས་སྐྱོང་དང་བཟའ་བཅའི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་བཅས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད། ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁྲུའུ་འོ་བརྒྱལ་ཐང་སྡེ་ཁུལ་དུ་ཧའོ་ཕུང་དང་བཅས་པས་སྡེ་ཁུལ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཚུལ་ལ་རྟོག་ཞིབ་གནང་ཞིང་། གྲལ་སྒྲིལ་ལ་དཀར་ཆ་དོད་པའི་སྡེ་ཁུལ་དཔེ་དེབ་ཁང་ནང་ཧའོ་ཕུང་དང་དགུན་ཁའི་གུང་གསེང་དུ་དྲ་ཐོག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ལོ་རིམ་བརྒྱད་པའི་སློབ་མ་པད་མ་ཆོས་སྒྲོན་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། “ནམ་རྒྱུན་དྲ་ཚིགས་གང་ཞིག་ཏུ་ཞུགས་རྒྱུར་དགའ་པོ་ཡོད་དམ ”“དྲ་བར་ཞུགས་ན་སློབ་སྦྱོང་ཐད་ཕན་པ་གང་འདུག་གམ ”ཞེས་དྲིས་སྐབས་པད་མ་ཆོས་སྒྲོན་གྱིས་རང་ཉིད་ནམ་རྒྱུན་བཙལ་འཚོལ་མ་ལག་ལ་བརྟེན་ནས་སློབ་སྦྱོང་གི་ཟུར་ཁྲིད་དཔྱད་གཞི་དང་གསར་འགྱུར་བལྟ་གི་ཡོད་པས་ཕན་པ་ཧ་ཅང་ཆེན་པོ་འདུག་ཅེས་ཞུས་པ་ཧའོ་ཕུང་གིས་གསན་རྗེས་དགྱེས་ཚོར་ཧ་ཅང་ཆེན་པོ་གནང་བ་མ་ཟད་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་སྡེ་ཁུལ་གྱི་དཔེ་དེབ་ཁང་བེད་སྤྱོད་ཡག་པོ་བྱས་ནས་ཚན་རིག་རིག་གནས་ཤེས་བྱ་སྦྱོང་དགོས་པའི་ལྕག་སྐུལ་གནང་བ་རེད།

        སྡེ་ཁུལ་རིག་རྩལ་ཁང་ནང་རོལ་དབྱངས་ཀྱི་སྒྲ་དང་དགོད་སྒྲས་ཁེངས་པ་དང་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་དེ་གར་བོད་ཀྱི་ལོ་གསར་རིང་སྡེ་ཁུལ་དུ་འཁྲབ་སྟོན་བྱེད་པའི་ལེ་ཚན་ནང་སྦྱོང་བྱེད་བཞིན་ཡོད་ཅིང་། ཧའོ་ཕུང་གིས་ཁོང་ཚོས་འཁྲབ་སྟོན་བྱས་པའི 《བོད་མི་དམངས་མཉམ་དུ་དགའ་སྤྲོའི་གླུ་དབྱངས་ལེན 》ཞེས་པའི་ལེ་ཚན་གཟིགས་རྗེས་ཁོང་ཚོའི་སྤྲོ་སྣང་གིས་ཁེངས་པའི་བསམ་པའི་ཉམས་འགྱུར་ལ་བསྔགས་བརྗོད་ཡང་ཡང་གནང་བ་དང་འབྲེལ་སྤྲོ་སྣང་ཆེན་པོས་ཁོང་ཚོ་དང་ལྷན་དུ་སྒོར་གཞས་བསྐྱོན་པ་རེད། སྡེ་ཁུལ་ནས་ཞལ་གྱེས་ཁར་ཧའོ་ཕུང་གིས་རྒན་རྒོན་ཚོར “ཚང་མར་སྔོན་ཚུད་ནས་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། དུས་ཚོད་བྱུང་ཚེ་ཁྱེད་ཚོའི་སར་གཞས་དང་ཞབས་བྲོ་སྦྱོང་བར་ཡོང་གི་ཡིན་པས་དགའ་བསུ་ཞུ་གི་ཡིན་ནམ ”ཞེས་གསུངས་པས་རྒན་རྒོན་ཚོས་ཐལ་མོ་རྡེབ་བཞིན “ཧ་ཅང་དགའ་བསུ་ཞུ་གི་ཡིན། ཧ་ཅང་དགའ་བསུ་ཞུ་གི་ཡིན ”ཞེས་བཤད་པ་རེད། བརྟག་ཞིབ་གནང་སྐབས་ཧའོ་ཕུང་གིས་ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་རིག་གནས་འཛུགས་སྐྱོང་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་སྤྱི་པའི་རིག་གནས་སྒྲིག་བཀོད་ནི་སྤྱི་པའི་རིག་གནས་ཞབས་ཞུའི་རྨང་གཞི་དང་ལས་སྟེགས་ཤིག་ཡིན། རིགས་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་པའི་རིག་གནས་ཞབས་ཞུ་བྱེད་པའི་ཐད་ཀྱི་སྡེ་ཁུལ་རིག་གནས་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ལྷག་པར་དུ་གཞི་རིམ་ཞིང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས། སྡེ་ཁུལ་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་དང་གཞི་རིམ་ཏང་འཛུགས་སྐྱོང་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པ་དང་སྡེ་ཁུལ་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆོད་སེམས་དང་ཡིད་ཆེས་ཀྱི་བསམ་པ་སྔར་བས་བརྟན་དུ་གཏོང་དགོས། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་རིམ་ཁག་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་དང་སྡེ་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་ཟབ་པ་དང་མང་ཚོགས་བལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་སྤྲོ་སྣང་ལྡན་ལ་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་དང་བཅས་པས་ད་དུང་ཧའོ་ལི་ལའེ་སྒོ་ངའི་བག་ལེབ་མུ་འབྲེལ་ཚོང་ཁང་དང་ས་མཐོའི་ནོར་བུ་འབྲིའི་དཀར་ལས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་བཟའ་བཅའི་རྒྱུ་ཆ་འཐེན་ས་དང་། བཟའ་བཅའ་ལས་སྣོན་གྱི་བརྒྱུད་རིམ། བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་ཐད་སྤྱད་པའི་འབྲེལ་ཡོད་བྱེད་ཐབས་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་བཟའ་བཅའི་བདེ་འཇགས་གནད་དོན་ཐད་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། རིམ་ཁག་སྡེ་ཚན་ཁག་དང་བཟའ་བཅའ་ལས་སྣོན་ཁེ་ལས་ཁག་གིས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་བཟའ་བཅའི་བདེ་འཇགས་ཐད་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཏན་ཏིག་ཆགས་པ་བྱེད་དགོས། བོད་ཀྱི་ལོ་གསར་རིང་རིམ་ཁག་བཟོ་ཚོང་དང་། སྤུས་ཚད་ལག་རྩལ་ལྟ་སྐུལ། བཟའ་བཅའ་དང་སྨན་རྫས་སོགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་སྐྱོད་ཞིབ་བཤེར་དང་དཔེ་འཐེན་ཞིབ་བཤེར་གྱི་ཐེངས་གྲངས་མང་དུ་གཏོང་བ་དང་ཁེབས་རྒྱ་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚད་གཞི་མི་ལོན་པའི་བཟའ་བཅའ་ཁྲོམ་ར་དང་གསོལ་ལྕོག་ཐོག་མི་ཁྱབ་པ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་དུས་ཆེན་གྱི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་དགོས་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།