ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་བློ་མཐུན་དབྱིན་ཏེ་མིང་བོད་ནས་བྲལ་ཏེ་ལས་གནས་གསར་པའི་ཐོག་ལས་འགན་འཁུར་བར་བསྐྱོད་རྒྱུ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧའོ་ཕུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབྱང་ཅིན་ཧྲན། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལང་ཡིའུ་ལེའང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཏུང་ཡུན་ཧུའུ་སོགས་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་དབྱིན་ཏེ་མིང་ལ་དགའ་སྐྱེལ་ཞུས་པ་རེད།
དགའ་སྐྱེལ་ཞུ་སྐབས་ཁྲེན་ཆོན་གོས་ད་ཐེངས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་ལེགས་སྒྲིག་བྱས་པ་དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་མཚོན་པས་ང་ཚོས་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་བློ་མཐུན་དབྱིན་ཏེ་མིང་བོད་དུ་ཕྱག་ལས་ལོ་བརྒྱད་ཙམ་གནང་རིང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་གནང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་བ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམ་པ་དོན་གཉེར། སྒྱུར་བཅོས་གསར་གཏོད། ཧུར་ཐག་འབད་ཐག ལས་དོན་ཧུར་ཐག་སྒྲུབ་པ་བཅས་གནང་སྟེ་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ལྷག་པར་དུ་བོད་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ལས་དོན་ཧུར་ཐག་བསྒྲུབས་ཡོད་ལ་ལེགས་སྐྱེས་ཀྱང་ཕུལ་གནང་བ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300 ཡིས་ནམ་ཡང་བརྗེད་མི་སྲིད། བློ་མཐུན་དབྱིན་ཏེ་མིང་གིས་ལས་གནས་གསར་པའི་ཐོག་མུ་མཐུད་བོད་ལ་སེམས་ཁུར་དང་དོ་ཁུར་གནང་ནས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ལ་བློ་མཐུན་དབྱིན་ཏེ་མིང་གིས་ནང་སར་ཕྱག་ལས་གནང་རྗེས་སྔར་བཞིན་བོད་ལ་བརྩེ་སེམས་འཆང་གནང་སྟེ་ཁོམ་པ་ཡོད་སྐབས་བོད་ལ་གང་མང་གཟིགས་པར་ཕེབས་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།
དགའ་སྐྱེལ་ཞུ་མཁན་འགོ་ཁྲིད་བློ་མཐུན་ཚོས་བློ་མཐུན་དབྱིན་ཏེ་མིང་དང་ཕྱག་བཏང་ནས་མཛའ་གྲོགས་གླེང་བ་དང་སྐུ་གཟུགས་ལ་བདག་གཅེས་གནང་དགོས་ལུགས་གསུངས་པ་མ་ཟད། བློ་མཐུན་དབྱིན་ཏེ་མིང་དང་མཉམ་དུ་ཕྱག་ལས་གནང་བའི་ལོ་ཟླ་དྲན་གསོ་གནང་སྟེ་ཕན་ཚུན་བྲལ་མི་ཕོད་པའི་བརྩེ་སེམས་མཚོན་པར་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ལྗོངས་སྲིད་གཞུང་། ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་མཐོ་རིམ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཀྱིས་ལྷན་དུ་དགའ་སྐྱེལ་ཞུས་པ་རེད།