དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བློ་ཐག་ཆོད་པོ་དང་། བྱ་སྤྱོད་གཅིག་གྱུར། བྱེད་ཐབས་ནུས་ལྡན་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུས་2012ལོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        བློ་བཟང་རྒྱལ་མཚན་གྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་གནང་བ་རེད།

        དུས་མཚམས་གོང་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་སྐབས་ཧའོ་ཕུང་གིས་ཉེ་དུས་དང་ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་མཛུབ་སྟོན་དགོངས་པ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་རང་ངོ་མས་ལྟ་སྐུལ་སློབ་སྟོན་བྱས་པ། ལས་སྒྲུབ་མི་དམངས་ཉེན་རྟོག་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་དེ་བཞིན་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་དོན་པ་ཡོངས་ཀྱིས་ལས་གནས་བརྟན་སྲུང་དང་རང་དོན་རྒྱབ་བསྐྱུར་ངང་ལས་དོན་བསྒྲུབས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བསམ་ཤེས་རྒྱབ་སྐྱོར་དང་ཧུར་ཐག་ཞུགས་པ་བཅས་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་གཏོང་རྒྱུ་འགན་ལེན་བྱ་ཆེད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་མང་པོ་བསྒྲུབས་པ་དང་འབྲེལ་དུས་ཆེན་རིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྩ་བའི་ཆ་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་ཪྙོག་འཛིང་དང་ཛ་དྲག་གི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་རིག་པ་དྭངས་གསལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐོའི་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རྟག་ཏུ་བརྟན་ལྷིང་གི་རྩ་བ་དེ་དམ་པོར་བཟུང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་འགན་འཁྲིའི་བསམ་པ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། འོས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་དང་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་ཉེ་དུས་དང་ལྷག་པར་དུ་བོད་ཀྱི་ལོ་གསར་རིང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་གཏོང་དགོས། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཏོན་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ལྷོད་མེད་བྱས་ནས་བློ་ཐག་ཆོད་པོ་དང་། བྱ་སྤྱོད་གཅིག་གྱུར། བྱ་ཐབས་ནུས་ལྡན་བཅས་ཡོང་བ་བྱེད་པ་དང་འབྲེལ་ཏན་ཏིག་དང་ནུས་ལྡན་གྱི་ལས་དོན་ཐོག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བློ་ཡིད་ཚིམ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དགའ་སྤྲོ་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་ཞིག་གཏོང་རྒྱུ་འགན་ལེན་བྱ་རྒྱུའི་ཐད་ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཚོར་སྐྱེན་ཆེ་བའི་མཚམས་ཚིགས་ལ་དམིགས་ཏེ་སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་མུ་མཐུད་དམ་འཛིན་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཚང་མར་ཁྱབ་པ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ནུས་ལྡན་ངང་ཟིལ་གྱིས་གནོན་པ། གཙོ་གནད་ས་ཁུལ་དང་གཙོ་གནད་གནས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། གཙོ་གནད་མི་སྣར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྟོང་ཆ་མ་ལུས་པ་བྱེད་དགོས་པ་དང་། གྲོང་ཚོ་ཁག་ལ་བཅའ་སྡོད་བྱེད་མཁན་ལས་བྱེད་པ་ཚོས་འགན་འཁྲི་དང་ལས་འགན་ལ་དམིགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགོག་ཐིག་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གྲོང་ཚོ (གྲོང་མི་ཨུ་ལྷན )ཁག་ལ་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཛུགས་རོགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་པ་དང་ཆོས་ལུགས་བྱེད་སྒོར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེ་བརྟན་ལྷིང་དང་ཞི་མཐུན་ཡོང་བ་བྱེད་དགོས་པ། ས་ཁུལ (གྲོང་ཁྱེར )ཁག་ཏུ་བཅའ་སྡོད་བྱེད་མཁན་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་མངགས་གཏོང་བྱས་ཏེ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་སྡོད་བྱ་དང་ལས་ཚབ་ཀྱི་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་ངང་ཞིབ་བཤེར་དང་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་གཞི་རིམ་དུ་སྐྱོད་དེ་མང་ཚོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱི་སེམས་ནང་ཚོར་བ་བྱེད་དགོས་པ་དང་དུས་མཚུངས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་དོན་མི་སྣར་འཚམས་འདྲི་ཧུར་ཐག་ཞུས་ནས་མི་སེམས་གཅིག་སྒྲིལ་དང་འཐབ་སེམས་ལ་སྔར་བས་སྐུལ་ལྕག་གཏོང་དགོས་པ། རིམ་ཁག་གསར་འགྱུར་སྨྱན་སྦྱོར་གྱིས་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་འཚོ་བ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་འབྲེལ་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་རྣམ་པ་ཧུར་ཐག་གཏོད་དེ “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟིང་ཆ་ནི་ཆག་སྒོ་ཡིན་པའི ”བསམ་བློ་དེ་བས་མི་སེམས་ལ་ཟུག་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།