དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་བོད་ཀྱི་ལོ་གསར་གྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་གིས་ལྷ་ས་པའེ་དབྱི་སྒོ་རྩིས་ཚོང་ཁང་དུ་བོད་ཀྱི་ལོ་གསར་གོང་གི་ཚོང་ཟོག་སྣ་ཚོགས་མཁོ་སྤྲོད་དང་བྲིན་ཚོང་གནས་ཚུལ་མཁྱེན་རྟོགས་གནང་བཞིན་ཡོད་པ།

        བོད་ཆུ་འབྲུག་ལོའི་ལོ་གསར་འཆར་ཉེར་ཡོད་པས་གངས་ལྗོངས་ས་མཐོར་སྤྲོ་སྣང་དང་དགའ་སྟོན་གྱི་དུས་ཆེན་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཟླ་2ཚེས་4ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་ཆེད་མངགས་ལྷ་ས་བརྒྱ་ཟོག་ཚོང་ཁང་དུ་ཡོད་པའི་པའེ་དབྱི་སྒོ་རྩིས་ཚོང་ཁང་དང་ཁྲོམ་གཟིགས་སྒང་ཁྲོམ་རར་ཕེབས་ནས་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རིམ་ཁག་ཚོང་དོན་གཙོ་འགན་སྡེ་ཚན་དང་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་ཁྲོམ་རའི་མཁོ་སྤྲོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དུས་ཆེན་གྱི་ཁྲོམ་ར་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་སྤྲོ་སྣང་དང་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་རེད།

        ཧའོ་ཕུང་དང་བཅས་པ་དང་ཐོག་ལྷ་ས་བརྒྱ་ཟོག་ཚོང་ཁང་དུ་ཡོད་པའི་པའེ་དབྱི་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་དང་། སྔོ་ཚལ། ཤ་རིགས། འབྲུ་སྣུམ། ཇ་སོགས་ཚོང་ཟོག་སྣ་ཚོགས་མཁོ་སྤྲོད་དང་བྲིན་ཚོང་གནས་ཚུལ་ལ་ནན་ཏན་ངང་གཟིགས་ཞིབ་གནང་ཞིང་། ཀུང་སི་དེས་ཟོག་འགྲེམས་དང་ཚོང་ཟོག་མཁོ་འདོན་ཐབས་ལམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲས་དང་། གྲོ་ཞིབ། སྣུམ། ཞལ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་དང་དེ་བཞིན་ཤིང་འབྲས་དང་། སྔོ་ཚལ། མཚོ་ཟས་སོས་པ་སོགས་ཚོང་ཟོག་འབོར་ཆེན་ཉོ་སྒྲུབ་བྱས་ནས་བོད་ཀྱི་ལོ་གསར་རིང་གི་ཁྲོམ་རའི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་མཁྱེན་རྗེས་ཧའོ་ཕུང་ཐུགས་མགུ་པོ་བྱུང་བ་རེད། ཁོང་གིས་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བར་སྣེ་འདྲེན་ཁེ་ལས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་ཞབས་འདེགས་ཡག་པོ་ཞུས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་སྣ་ཁ་ཕུན་སུམ་ཚོགས་པ་དང་། སྤུས་ཚད་བློས་འགེལ་ཆོག་པ། རིན་གོང་འཚམས་པ་བཅས་ཀྱི་ཚོང་ཟོག་ཉོ་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

        ལྗོངས་ཡོངས་ཀྱི་ཚོང་ཟོག་ཙག་ཙིག་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་ཡིན་པའི་ངོས་ནས་ཁྲོམ་གཟིགས་སྒང་ཁྲོམ་རའི་མཁོ་སྤྲོད་ལྗོངས་ཡོངས་ལ་ཁྱབ་པ་དང་ཤུགས་རྐྱེན་ཡང་ཧ་ཅང་ཆེན་པོ་ཡོད། ཞོགས་པ་སྔ་པོ་ནས་ཁྲོམ་རའི་ནང་མི་ཚོགས་ཀྱིས་ཁེངས་ཏེ་དར་རྒྱས་དང་བྲེལ་བརྩོན་གྱི་རྣམ་པ་མངོན་ཞིང་། ཧའོ་ཕུང་གིས་ཚོང་ཟོག་སྣ་ཚོགས་མཁོ་སྤྲོད་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་ས་མཐོའི་ནོར་བུ་འབྲིའི་དཀར་ལས་མ་རྐང་ཚད་ཡོད་ཀུང་སིའི་མར་འཚོང་སར་ཚོང་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ “ད་ཆ་མར་གྱི་རིན་གོང་ག་ཚོད་ཡིན་ནམ། བྲིན་ཁ་རྒྱུག་ཚད་ཇི་འདྲ་འདུག་གམ ”ཞེས་འདྲི་སྐབས་ཚོང་པས་སྲིད་གཞུང་གི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་ཀྱི་ཕན་པ་ཐོབ་ནས་དེ་སྔ་མར་རྒྱ་མ་རེར་སྒོར་30བྱེད་པ་དེ་ད་ཆ་རྒྱ་མ་རེར་སྒོར་23བྱས་ནས་འཚོང་གི་ཡོད། མར་གྱི་སྤུས་ཚད་ལེགས་པ་དང་རིན་གོང་དམའ་པོ་ཡོད་སྟབས་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་འདུག་ལ་བྲིན་ཚོང་ཡོང་འབབ་ཀྱང་ཧ་ཅང་ཡག་པོ་འདུག་ཅེས་ངོ་སྤྲོད་བྱས་པ་གསན་རྗེས་ཧའོ་ཕུང་ཐུགས་ཧ་ཅང་དགྱེས་པོ་བྱུང་ཞིང་། ཁོང་གིས་མར་ནི་བོད་རིགས་མི་དམངས་ཀྱི་ཉིན་རེའི་བཟའ་བཏུང་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ལ་ཁ་ཟས་དང་ཕྱེ་མར་སོགས་སྲོལ་རྒྱུན་ལོ་གསར་གྱི་མཁོ་ཆས་བཟོ་སྐབས་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་ཞེས་གསུངས་པ་དང་ཁོང་གིས་བཟོ་གྲྭ་དང་ཚོང་པས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། དུས་ཆེན་རིང་ཁྲོམ་རར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། རིན་གོང་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་པའི་ཐུགས་རེ་གནང་བ་རེད།

        གཟིགས་ཞིབ་གནང་སྐབས་ཧའོ་ཕུང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ནང་མི་མཉམ་འཛོམས་ཀྱི་དུས་ཤིག་ཡིན་ལ་ཚོང་ཟོག་བྲིན་ཚོང་གི་དུས་ཚིགས་ཡག་ཤོས་དང་ཚོང་ལས་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་གཙོ་འགན་སྡེ་ཚན་གྱིས་ཚོང་དོན་འཁོར་རྒྱུག་ལས་རིགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་རང་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ལོངས་སྤྱོད་གང་ལེགས་ཐུབ་པ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་བོད་ཀྱི་ལོ་གསར་གོང་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། སྡེབ་ཚོང་ཁྲོམ་ར། མགྲོན་ཁང་། གསོལ་མགྲོན་ཁང་། གནས་གཏན་འཁེལ་གྱི་བཤས་ར་སོགས་ཐོན་སྐྱེད་དང་གཉེར་སྐྱོང་ཁུལ་གྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་དང་བདེ་འཇགས་དོ་དམ་ལམ་ལུགས་དང་མེ་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་བདེ་འཇགས་འགན་ལེན་བྱེད་པ་དང་ལྷག་པར་དུ་བྲིན་ཚོང་བྱེད་སྒོ་སྣ་ཚོགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་བདེ་འཇགས་དོན་རྐྱེན་ཐོན་རྒྱུ་བཀག་འགོག་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        གཟིགས་ཞིབ་གནང་སྐབས་ཧའོ་ཕུང་དང་བཅས་པས་ད་དུང་བར་སྐོར་བྱང་རྒྱུད་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཁྲོམ་གཟིགས་སྒང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་ལས་སྒྲུབ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་ཁར་ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། མི་དམངས་ཉེན་རྟོག་པའི་རྒྱུན་གཏན་གྱི་ལས་དོན་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཧའོ་ཕུང་གིས་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་བར་སྐོར་དང་ཁྲོམ་གཟིགས་སྒང་སོགས་ལྷ་སའི་གྲོང་ཁུལ་ཪྙིང་པར་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྲོང་མི་མང་ཚོགས་མང་པོ་ཡོད་པ་དང་ཆོས་མཇལ་བ་དང་གྲོང་ཁུལ་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡང་གཅིག་རྗེས་གཉིས་མཐུད་ངང་ཡོང་གི་ཡོད་པས་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། བདེ་འཇགས་དོ་དམ་གྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། “སྤྱི་དོན་དུ་ཉེན་རྟོག་པ་འཛུགས་པ་དང་དམངས་དོན་དུ་ཁྲིམས་འཛིན་བྱེད་པའི ”དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། ཞབས་ཞུའི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུས་ནས་རྒྱ་ཆེའི་མང་ཚོགས་རྣམས་འཆམ་མཐུན་དང་སྤྲོ་སྣང་ལྡན་པའི་བོད་ཀྱི་ལོ་གསར་གཏོང་ཐུབ་རྒྱུ་འགན་ལེན་བྱེད་པ་དང་ཁྲིམས་འཛིན་ཚད་ལྡན་དང་ཡ་རབས་ངང་ལས་འགན་སྒྲུབ་སྟེ་མི་དམངས་ཉེན་རྟོག་པའི་གཟུགས་བཪྙན་བཟང་པོ་གང་ལེགས་མངོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།