དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ནག་ཆུའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འཐབ་ས་མདུན་མར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ནག་ཆུ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འཐབ་ས་མདུན་མར་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་སྤྱི་བདེའི་བཀོད་འདོམས་ལྟེ་གནས་སོགས་ཚན་པའི་བརྟན་ལྷིང་སྲུང་སྐྱོང་དང་དེ་བཞིན་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་གནང་བ་མ་ཟད་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག གཞི་རིམ་གྱི་ལས་བྱེད་མང་ཚོགས། བདེ་སྲུང་མི་སྣ། དགོན་སྡེའི་དམངས་བདག་ཨུ་ལྷན་གྱི་མི་སྣ་བཅས་ལའང་འཚམས་འདྲི་གནང་ཞིང་། ཁོང་གིས་དོགས་ཟོན་ཆེར་བསྐྱེད་དང་། རང་འགན་ནན་སྒྲུབ། ཕྱར་བ་གྲུ་འདེགས། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ནག་ཆུའི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཝུའུ་དབྱིང་ཅེས་ལས་གནས་བརྟན་སྲུང་བྱེད་བཞིན་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་རེ་རེ་དང་ཕྱག་བཏང་གནང་བ་དང་། ཚང་མའི་ལས་དོན་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་ཁར་བཪྙན་འཕྲིན་བརྒྱུད་ལས་གནས་བརྟན་སྲུང་བྱེད་བཞིན་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་འཚམས་ཞུ་དང་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཁོང་གིས་དུས་ཆེན་རིང་ཚང་མས་གཞུང་དོན་ཆེད་རང་དོན་བློས་གཏོང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འཐབ་ས་མདུན་མ་བརྟན་སྲུང་བྱས་ཏེ་རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། སྡོང་པོ་ལྷིང་ངེར་སྡོད་བསམས་ཀྱང་རླུང་གིས་གཡོས་པས་སྡོད་མི་ཚུགས་པའི་དཔེ་ལྟར་དེང་སྐབས་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ས་ཁུལ་གཙོ་བོ་ཞིག་ཡིན་པའི་ནག་ཆུའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་ཅིང་ལས་འགན་ལྕི་པོ་ཡོད་པར་བརྟེན་ཚང་མས་ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཐད་ཀའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་བྱ་ཐབས་ཁག་སྒོ་ཀུན་ནས་དོན་འཁྱོལ་ཡོང་བ་བྱེད་པ་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱིས་དཀྲིས་པའི་འགན་འཁྲི་ཁག་འཁུར་ནས་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་ཆེར་བསྐྱེད་དང་རྡུང་རྡེག་ཚ་ནན་གཏོང་བ་ལས་ཏཱ་ལའི་རུ་ཚོགས་དང་ཁ་ཕྲལ་རིང་ལུགས་པར་རོ་ལངས་རྒྱག་པའི་གོ་སྐབས་གཏན་ནས་སྤྲོད་རྒྱུ་མེད་པར་ས་ཁུལ་དེ་ཡོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་ཤུགས་ཆེན་གྱིས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་རྒྱལ་ཡོངས་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པ་མ་ཟད་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་འཆམ་མཐུན་གྱི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

        ནག་ཆུ་གྲོང་རྡལ་མང་ཚོགས་མཉམ་འགོག་རུ་ཁག་ནི་ཡུལ་དེའི་མང་ཚོགས་ཀྱིས་རང་འགུལ་ངང་སྐུལ་སློང་བྱས་ནས་བཙུགས་པའི་བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ནང་ཤང་གྲོང་གི་ལས་བྱེད་པ་དང་། གྲོང་རྡལ་གྱི་གྲོང་མི། བགྲེས་སོང་དང་ལོ་ན་20 ཙམ་གྱི་གཞོན་ནུ་བཅས་ཡོད་ཅིང་། མཉམ་འགོག་རུ་ཁག་གི་འོས་འགན་སྐོར་ཞིབ་པ་ཚོས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཕེབས་པ་མཐོང་འཕྲལ་ཚང་མ་རུབ་ཡོང་བ་དང་ཝུའུ་དབྱིང་ཅེས་མང་ཚོགས་ཀྱིས་རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་ཞུགས་པའི་བྱེད་སྟངས་དེར་ཁས་ལེན་གང་ལེགས་གནང་བ་མ་ཟད་གདེང་འཇོག་ཡག་པོ་གནང་ཡོད། ཁོང་གིས་ཡུན་རིང་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ནས་ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་པོ་འཚོགས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་རྟག་ཏུ་ཕེབས་ཀྱི་ཡོད་པ་དང་འབྲེལ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་གཞི་རིམ་འཐུས་མི་བརྒྱུད་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་གི་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་དང་དོ་ཁུར་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད་ཅེས་མཛུབ་སྟོན་གནང་ཞིང་། ཁོང་གིས་མང་ཚོགས་མཉམ་འགོག་རུ་ཁག་བཙུགས་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་ཡི་ཡོད་པ་དང་། ཁ་ཕྲལ་རིང་ལུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་དང་བདེ་སྡོད་ལས་བརྩོན་གྱི་འཚོ་བ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་རང་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཆོད་སེམས་དང་དད་སེམས་ངོ་མ་མངོན་ཡོད་ཅེས་གསུངས་ཤིང་། ཁོང་གིས་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་མ་ཟད་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་འགན་ལེན་བྱེད་པའི་སྲོག་རྩ་ལྟ་བུའང་ཡིན་པ་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་མ་ཟད་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་ཆག་སྒོའི་འབྱུང་རྩའང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་ངང་དམངས་ལ་བདེ་སྐྱིད་ཡོང་རྒྱུར་བརྩོན་གྱི་ཡོད་པས་ང་ཚོས་ཏང་གི་རྗེས་སུ་འབྲངས་ཏེ་ཕྱར་བ་གྲུ་འདེགས་ངང་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་བསྒྲུབས་ཚེ་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་ཡིན་ཞེས་ནན་བཤད་གནང་ཞིང་། ཝུའུ་དབྱིང་ཅེའི་བརྩེ་སེམས་མཚོན་པའི་བཀའ་མོལ་ལ་མཉམ་འགོག་རུ་ཁག་གི་རུ་མིའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་བཞིན་དུ་ཚང་མས་སླད་ཕྱིན་ལས་དོན་ཁྲོད་རང་འགན་ནན་སྒྲུབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁ་ཕྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབ་ནས་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རྣམ་འགྱུར་བསྟན་པ་རེད།

        ཝུའུ་དབྱིང་ཅེ་དང་བཅས་པ་བོད་བྱང་ཐང་གི་དགོན་སྡེ་ཆེ་གྲས་ཡིན་པའི་ཞབས་བརྟན་དགོན་པར་ཕེབས་ནས་དགོན་སྡེའི་དམངས་བདག་ཨུ་ལྷན་གྱི་ཁོངས་མིར་བྱམས་བརྩེའི་ངང་འཚམས་འདྲི་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ནི་ཞབས་བརྟན་དགོན་པའི་སྤྲུལ་སྐུ་སྐུ་ཐོག་བདུན་པ་ཡིན་པ་མ་ཟད་རྒྱལ་གཅེས་ཆོས་གཅེས་གནང་མཁན་གྲགས་ཅན་སྤྲུལ་སྐུ་དང་ང་ཚོའི་ཏང་གི་གྲོགས་པོ་བློས་ཐུབ་ཅིག་ཀྱང་ཡིན། ཡུན་རིང་ནང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་རང་ཉིད་ཀྱི་མྱོང་བ་ཟབ་མོའི་ཐོག་ནས་མཐའ་འཁོར་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རྒྱ་ཁྱབ་བཏང་གནང་སྟེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་ལས་དོན་པའི་ཁྲོད་མིག་དཔེ་བཟང་པོ་སྟོན་ཡོད་ཅེས་གསུངས་ཤིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་ཐབས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱི་གསུང་བཤད་ཐེངས་མང་ཉན་མྱོང་ཡོད་པ་དེའི་ནང་དོན་ལ་གོ་སྐོན་བློ་འགུགས་ཀྱི་ནུས་པ་དང་ཡིད་དབང་འགུགས་ནུས་ཆེན་པོ་ལྡན་ནས་སྤྱི་ཚོགས་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། ཝུའུ་དབྱིང་ཅེས་ཞབས་བརྟན་དགོན་སྡེའི་དགེ་འདུན་པ་རྣམས་ལ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱི་སྣེ་ཁྲིད་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་རྒྱུན་འཛིན་གྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད་ལངས་ཕྱོགས་བརྟན་པོའི་དར་ཆ་ཞིག་འཛུགས་རྒྱུའི་བླང་བྱ་བཏོན་གནང་ཞིང་། ཁོང་གིས་དགོན་སྡེའི་དམངས་བདག་ཨུ་ལྷན་གྱི་ཁོངས་མི་ཡོངས་ལ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་ཞི་མཐུན་གྱི་དཔེ་བཟང་དགོན་སྡེ་ཞིག་ཏུ་འགྱུར་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་བླང་བྱ་ཡང་བཏོན་གནང་བ་རེད།

        ཝུའུ་དབྱིང་ཅེས་ད་དུང་ནག་ཆུར་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་དང་པོའི་དཔོན་དམག་ཡོངས་ལ་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།