དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བོད་སྡོད་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་ཚན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཚན་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཚན་པ་ཁག་གི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་བ་མ་ཟད། དུས་བབ་གསར་པའི་འོག་གི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་བརྟག་ཞིབ་གནང་བ།

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བོད་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་ཚན་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཚན་པ་ཁག་གི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་ནས་ཚང་མར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་དུས་བབ་གསར་པའི་འོག་གི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བརྟག་ཞིབ་ཀྱང་གནང་བ་རེད།

        བོད་ལྗོངས་བཪྙན་འཕྲིན་ཁང་གི་ཚོམས་ཆེན་ནང་ཕེབས་མ་ཐག་ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པ་དང་རྩོམ་སྒྲིག་མི་སྣ་ཚོར “སྐུ་ཁམས་བཟང་། ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། བློ་མཐུན་ཚོ ‘དུས་ཆེན་གཉིས ’སྤྲོ་པོ་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བ་ཤོག ”ཅེས་གསུངས་ནས་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།

        ཁྲེན་ཆོན་གོས་འདས་ཟིན་པའི་ལོ་གཅིག་ནང་བོད་སྡོད་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཚན་པ་ཁག་གིས་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཕེལ་རྒྱས་དང་བརྟན་ལྷིང་གི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་རིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ཆེད་ནུས་ཤུགས་དང་རྔུལ་ཆུ་གང་ཡོད་བཏོན་ནས་སྙིང་སྟོབས་འཕེལ་བ་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་ནུས་པ་གལ་ཆེན་བཏོན་ཡོད། བློ་མཐུན་ཚོའི་ལས་ཀར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བློ་ཡིད་ཚིམས་པོ་བྱུང་ཡོད་ཅེས་གསུངས་པ་རེད།

        བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གསར་འགོད་པ་དང་རྩོམ་སྒྲིག་མི་སྣ་རེ་རེ་བཞིན་ལ་ཕྱག་བཏང་ནས་འཚམས་འདྲི་ཞུས་པ་མ་ཟད་ལེ་ཚན་བཟོ་བའི་བརྒྱུད་རིམ་དང་། ཁྱབ་ཁྱོན། རླུང་འཕྲིན་གཏོང་བའི་དུས་ཚོད། སྐད་རིགས་སོགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

        བོད་ལྗོངས་ཉིན་རེའི་ཚགས་པར་ནི་བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས་ཚགས་པར་གྱི་མིང་ཕྱག་བྲིས་གནང་བ་མ་ཟད་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པའི་ཚགས་པར་ཞིག་རེད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་སྔ་རྗེས་སུ་རྒྱ་ཡིག་རྩོམ་སྒྲིག་ལྟེ་གནས་དང་བོད་ཡིག་རྩོམ་སྒྲིག་ལྟེ་གནས་ཀྱི་འཐབ་ས་དང་པོའི་ཐོག་གི་གསར་འགོད་པ་དང་རྩོམ་སྒྲིག་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་ཕེབས་པ་མ་ཟད་ཚགས་པར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱི་ས་ནས་ཚགས་པར་རྩོམ་སྒྲིག་དང་། དཔར་སྐྲུན། འགྲེམས་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི “རྒྱ་ཡིག་སྨྱན་སྦྱོར་གྱི་སྤུས་ཚད་མཐོར་གཏོང་དང་། བོད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཆེར་གཏོང་། ཡན་ལག་ཚགས་པར་དང་དུས་དེབ་ཀྱི་གཞི་ཁྱོན་ཆེར་གཏོང་། དྲ་སྦྲེལ་སྨྱན་སྦྱོར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ ”བཅས་ཀྱི་ཚགས་པར་དང་། དུས་དེབ། དྲ་བ་བཅས་གཉེར་བའི་བསམ་ཕྱོགས་ལ་ཁས་ལེན་གང་ལེགས་གནང་བ་དང་ཁོང་རྣམ་པས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ཚགས་པར་གཉེར་བའི་སྤུས་ཚད་སྔར་བས་མཐོར་གཏོང་དང་། ཚགས་པར་གྱི་གཞི་ཁྱོན་ཆེར་གཏོང་། འགྲེམས་སྤེལ་གྱི་དུས་ནུས་ཆེར་གཏོང་བཅས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་སྔར་བས་བརྒྱུད་བསྒྲགས་ཡག་པོ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་སྔར་བས་དྲིལ་བསྒྲགས་ཡག་པོ། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་བ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

        ཁྲེན་ཆོན་གོས་ལོ་གསར་པའི་ནང་བོད་སྡོད་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་ཁྲིད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་ཕྱིར་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བཅས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        གཅིག་ནས་ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེང་རྒྱུ་མཐའ་འཁྱོངས་དང་ ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་ཏན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་གྱིས་ཀྲུང་དབྱང་གི་དགོངས་དོན་ལ་རང་རྟོགས་ངང་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།

        གཉིས་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བླང་བྱར་དམ་པོར་དམིགས་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམ་པོར་དམིགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་བཅས་བྱས་ནས་ཐམས་ཅད་ཁྱོན་ཡོངས་ལ་བསྟུན་པ་དང་། ཁྱོན་ཡོངས་ལ་གཞིགས་ནས་བསམ་གཞིག་བྱེད་པ། ཁྱོན་ཡོངས་ཀྱི་གནས་ཚུལ་འོག་བྱ་སྤྱོད་སྤེལ་བ་བཅས་བྱེད་ཐུབ་པ་བྱེད་པ་དང་། མཐུན་སྒྲིལ་རོགས་རེས། གོམ་སྟབས་གཅིག་མཚུངས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་སྔར་བས་རང་རྟོགས་རང་འགུལ་བྱེད་པ་དང་སྔར་བས་ཕན་འབྲས་ཐོན་ཐུབ་པ་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་སྟོབས་ཆེའི་མཉམ་ཤུགས་ཤིག་ཆགས་གང་ཐུབ་བྱས་ནས་བོད་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་གཙོ་ལེགས་བཅོས་བཅས་ཡོང་བར་བསམ་བློའི་འགན་ལེན་ནུས་ལྡན་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ།

        གསུམ་ནས་ཁྲིད་སྟོན་གྱི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། ཁྲིད་སྟོན་ཡང་དག་འགན་ལེན་བྱ་རྒྱུ་ནི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཆེས་མ་མཐའི་བླང་བྱ་ཞིག་རེད། གསར་འགྱུར་སྨྱན་སྦྱོར་ཚན་པ་ཁག་གིས་ངེས་པར་དུ་ཁྲིད་སྟོན་གྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་ནས་ཡང་དག་པའི་ཁྲིད་སྟོན་དེ་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཏན་ཏིག་བྱས་ཏེ་ཡང་དག་པའི་ཁྲིད་སྟོན་གྱི་རང་རྟོགས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་ཁྲིད་སྟོན་གྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ། མཐུན་སྒྲིལ་དང་བརྟན་ལྷིང་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་མཐའ་འཁྱོངས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཚན་རིག་གི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཡག་པོ་བྱེད་པ། སྔོན་ཐོན་རིག་གནས་བརྒྱུད་སྤེལ་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་ཡག་པོ་གཏོང་བ། རང་འགུལ་ངང་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མང་ཚོགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ།

        བཞི་ནས་གསར་གཏོད་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་བ་གསར་པ་དང་འཚམ་པ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྟུན་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་སྨྱན་སྦྱོར་གཙོ་བོ་རྒྱ་སྟོབས་ཆེན་པོ་ཡོང་བ་བྱེད་པ་དང་འདུ་ཤེས་གསར་གཏོད་དང་། ནང་དོན་གསར་གཏོད། བྱ་ཐབས་གསར་གཏོད་བཅས་བྱས་ཏེ་གླེང་ཕྱོགས་གཙོ་བོའི་དབང་གྲགས་རང་བཞིན་དང་། ཀུན་གྱིས་ཡིད་ཆེས་བྱེད་ཚད། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གསར་དར་སྨྱན་སྦྱོར་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་སྤྱོད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་། ཁྲིམས་ལྟར་དོ་དམ། བདེ་འཇགས་འགན་ལེན་བཅས་ཏན་ཏིག་བྱེད་ཐུབ་པ་བྱེད་པ། དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས “གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། རྩོམ་སྲོལ་ལེགས་སུ་གཏོང་བ ”བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས་ཆབ་སྲིད་གོ་རྟོགས་མཐོ་བ་དང་། ལས་སྒོ་འཕེར་བ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ།

        ལྔ་ནས་གཡུལ་སའི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། བདེན་ཡོད་སྤོབས་ཆེའི་སྒོ་ནས་བོད་ཀྱི་གླེང་ཕྱོགས་ཀྱི་གཡུལ་ས་བཟུང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གཏན་འཁེལ་ཐད་ཀྱི་ཀྲུང་དབྱང་གི་གཏན་འབེབས་དང་། འཐབ་རྩོད་བྱེད་ཕྱོགས། ཐབས་ཇུས་བཅས་ནན་སྲུང་གིས་བྱ་བ་སྒྲུབ་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་འཐབ་རྩོད་ཐད་ཀྱི་སྐད་ཆ་ཤོད་དབང་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་120ཡི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ཐོག་ཏང་ཀྲུང་དབྱང་གི་གསུང་སྒྲ་ཐོས་པ་དང་གཟུགས་བཪྙན་མཐོང་ཐུབ་པ་བྱེད་པ་དང་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྐད་སྒྲ་མི་ཐོས་པ་དང་གཟུགས་བཪྙན་མི་མཐོང་བ་བྱས་ཏེ་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དང་རིག་གནས་ཁྱབ་ཁོངས་ཡོངས་སུ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།