དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་བོད་ལྗོངས་གློག་ཤུགས་ཀུང་སིར་དུས་ཆེན་རིང་གི་སྡོད་བྱ་དང་ལས་དོན་མི་སྣར་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་བོད་ལྗོངས་གློག་ཤུགས་ཀུང་སིར་འཐབ་ཕྱོགས་དང་པོའི་ལས་བཟོར་འཚམས་འདྲི་གནང་བར་ཆེད་མངགས་ཕེབས་པ།

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་སོ་ནམ་ལོ་གསར་གཏོང་རྒྱུ་འགན་ལེན་བྱེད་ཆེད་གློག་ཤུགས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོས་མིང་གྲགས་མེད་པར་ལས་གནས་བརྟན་སྲུང་གིས་གློག་ཤུགས་མཁོ་འདོན་འགན་ལེན་ཧུར་ཐག་བྱེད་ཀྱི་ཡོད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་བོད་ལྗོངས་གློག་ཤུགས་ཀུང་སིར་འཐབ་ཕྱོགས་དང་པོའི་ལས་བཟོར་འཚམས་འདྲི་གནང་བར་ཆེད་མངགས་ཕེབས་ཏེ་ལྗོངས་ཡོངས་ཀྱི་གློག་ཤུགས་ལས་བཟོ་ཚོས་རང་ཉིད་ཀྱི་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་འོད་ཟེར་དང་། དྲོ་སྐྱིད། བདེ་སྐྱིད་བཅས་ཡོང་བ་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་དང་གློག་ཤུགས་སྡེ་ཚན་གྱིས་གློག་ཤུགས་བཀོད་གཏོང་དང་མཁོ་འདོན་ལས་དོན་ལེགས་པར་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་སོ་ནམ་ལོ་གསར་ཡག་པོ་ཞིག་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་རེ་བ་གནང་བ་རེད།

        བོད་ལྗོངས་གློག་ཤུགས་བཀོད་གཏོང་ལྟེ་གནས་ནི་བོད་ལྗོངས་གློག་དྲ་འཁོར་སྐྱོད་ཀྱི་ལྟེ་བ་དང་བཀོད་འདོམས་སྒྲིག་གཞི་ཡིན་པས་བོད་དབུས་གློག་དྲའི་བཀོད་གཏོང་འཁོར་སྐྱོད་དང་ཆེད་ལས་དོ་དམ་གྱི་གཙོ་འགན་ཁུར་བ་དང་ཆབ་མདོ་དང་མངའ་རིས་རང་ཚུགས་གློག་དྲ་གཉིས་ལ་ཆེད་ལས་དོ་དམ་བྱེད་ཀྱི་ཡོད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་བཀོད་གཏོང་ལྟེ་གནས་སུ་ཕེབས་ཏེ་སྡོད་བྱ་དང་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་དང་གློག་དྲ་བཀོད་གཏོང་དང་འཕྲལ་སྡོམ་བཀོད་འདོམས་བྱེད་ཚུལ་ནན་ཏན་ངང་བརྟག་དཔྱད་གནང་བ་མ་ཟད་དུས་ཆེན་རིང་གི་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ལས་དོན་སྙན་ཞུ་ཡང་ནན་ཏན་ངང་གསན་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གློག་ཤུགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་བོད་འཕེལ་རྒྱས་དང་བརྟན་ལྷིང་གི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཞིང་། ན་ནིང་ནས་བཟུང་རྒྱལ་ཁབ་གློག་དྲ་ཀུང་སིའི་ཡང་དག་པའི་འགོ་ཁྲིད་འོག་བོད་ལྗོངས་གློག་ཤུགས་ཀུང་སིས་གློག་དྲ་འཛུགས་སྐྲུན་གྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟབས་གློག་ཤུགས་འགན་ལེན་ནུས་པ་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་སོ་ནམ་ལོ་གསར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་དུས་ཆེན་གལ་ཆེན་གཉིས་ཡིན་པས་བོད་ལྗོངས་གློག་ཤུགས་ཀུང་སིས་དུས་ཆེན་རིང་གི་གློག་ཤུགས་མཁོ་འདོན་འགན་ལེན་དང་གློག་ཤུགས་ཕུགས་འཕེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གློག་ཤུགས་བཀོད་གཏོང་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ལེགས་པར་སྐོང་དགོས། གློག་ཤུགས་མཁོ་འདོན་འགན་ལེན་བྱེད་དགོས་ཤིང་། དུས་ཆེན་རིང་གློག་ཤུགས་དོ་མཉམ་ཡོང་བ་བྱེད་པ་དང་། འཁོར་སྐྱོད་བྱེད་སྟངས་བཀོད་སྒྲིག་ལེགས་པར་བྱེད་པ། གློག་འདོན་ཇུས་གཞི་ཞིབ་ཕྲ་བཟོ་བ། དུས་ཆེན་རིང་གི་སྡོད་བྱ་དང་མྱུར་བཟོའི་སྡོད་བྱ་བཀོད་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ནས་དུས་ཆེན་རིང་མི་དམངས་མང་ཚོགས་དུད་ཚང་ཁྲི་སྟོང་མང་པོ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་སོ་ནམ་ལོ་གསར་དགའ་དགའ་སྤྲོ་སྤྲོའི་ངང་གཏོང་ཐུབ་པ་བྱེད་པ་དང་། གློག་འདོན་འགན་ལེན་བྱེད་དགོས་ཤིང་། དུས་ཆེན་རིང་གི་གློག་སྤྱོད་དུས་བབ་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ཁེ་ལས་ཁག་གི་གློག་སྤྱོད་ནན་ཏན་ངང་དབྱེ་ཞིབ་དང་སྔོན་དཔག་བྱས་ནས་དེ་མཚུངས་ཀྱི་བྱ་ཐབས་བཟོས་ཐོག་དུས་ཆེན་རིང་རྒྱུན་གཏན་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་གློག་ཤུགས་མཁོ་འདོན་བྱ་རྒྱུའི་འགན་ལེན་བྱེད་པ། བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། གློག་དྲའི་འཁོར་སྐྱོད་ཀྱི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་ལས་འཛོལ་གྱི་སྔོན་ཇུས་ནན་ཏན་ངང་བཟོས་ནས་ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་མཐར་ཕྱིན་པ་བསལ་ཐོག་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུའི་འགན་ལེན་བྱེད་པ། འཕེལ་རྒྱས་འགན་ལེན་བྱེདདགོས་ཤིང་། གློག་དྲའི་གཙོ་བོའི་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གློག་དྲ་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་ཆབས་ཅིག་ཆུ་གློག་དང་ཉི་འོད་ནུས་པ་སོགས་གསར་དར་ནུས་རྒྱུ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་གློག་མཁོ་འདོན་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་གློག་དྲ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ཐོག་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།