ཁྲེན་ཆོན་གོས་ཆབ་མདོར་བརྟག་ཞིབ་གནང་བ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཆབ་མདོ་ས་ཁུལ་གྱི་གྲོང་གསེབ་དང་། གྲོང་ཁྱེར། དམག་སྒར་བཅས་སུ་ཕེབས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས་ཀྱི་འཚོ་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་དོན་སྙན་ཞུ་གསན་ཞིང་། འདི་ནི་ཁྲེན་ཆོན་གོ་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཚྭ་བརྔེ་གྲོང་ཚོར་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཆབ་མདོ་ས་ཁུལ་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་འཕེལ་རྒྱས་དང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་ཆབ་མདོའི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་སྲུང་སྐྱོང་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་ཁྱོན་ཡོངས་ཀྱི་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།
བརྟག་ཞིབ་གནང་རིང་ཁྲེན་ཆོན་གོས་གྲོང་གསེབ་དང་། གྲོང་ཁྱེར། དམག་སྒར་བཅས་སུ་ཕེབས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས་ཀྱི་འཚོ་བ། བརྟན་ལྷིང་སྲུང་སྐྱོང་བཅས་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་དོན་སྙན་ཞུ་གསན་ནས་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་བ་རེད།
ཁྲེན་ཆོན་གོས་ཆབ་མདོ་ས་ཁུལ་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ཐུན་མིན་ལེགས་ཆ་གསར་པ་ལེགས་པར་སྤྱོད་པ། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་ཞི་མཐུན་འབྱོར་ཕྱུག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་ཞིག་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
གཅིག་ནས་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་ལ་དམ་པོར་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རླབས་ཆེན་གྱི་འདུ་འགོད་གསར་པ་གཉེར་ཆེད་འཆར་འགོད་ཡག་པོ་ཞིག་བྱེད་པ་དང་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འདི་ལོ་འཚོག་རྒྱུ་ཡིན་པས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། འབད་འབུངས་ཡར་བརྩོན་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ལ་བཟོས་གནང་མཛད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལས་བོད་ཀྱི་འཕེལ་རྒྱས་ལ་ལེགས་ཆ་ཧ་ཅང་ཆེན་པོ་ཐོན་པའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ནང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུའི་ཐད་བཏོན་པའི་ཁ་གསལ་བླང་བྱའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་62འཁོར་བའི་རིང་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ཕྱར་བ་གྲུ་འདེགས་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ལས་དོན་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་།
གཉིས་ནས་ཐུན་མིན་ལེགས་ཆ་གསར་པ་ལེགས་པར་སྤྱོད་དགོས་ཤིང་། ཆབ་སྲིད་ཀྱི་ལེགས་ཆ་བཟང་པོ་འདོན་སྤེལ་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་བ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ་དང་། རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཚན་ཁག་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་བྱེད་དཔུང་ཁག་ལ་བརྟེན་ནས་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལེགས་པ་དང་། སྔར་ལས་མྱུར་བ། སྔར་ལས་ཆེ་བ་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པར་བྱས་ཏེ་ཀྲུང་དབྱང་གི་དམིགས་བསལ་དང་གཟིགས་སྐྱོང་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱིས་ཆབ་མདོར་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་ལེགས་པར་སྤྱད་དེ་ལེགས་ཆ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པར་བྱས་ཏེ་སྲིད་ཇུས་དང་ཁོར་ཡུག་རིམ་པ་སྟར་ཆགས་བཟོས་ནས་མཐའ་འཁོར་ས་ཁུལ་གྱི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཆབ་མདོར་གཅིག་སྡུད་ཡོང་རྒྱུའི་ཡིད་དབང་འཕྲོག་པ་བྱེད་པ། སྲོལ་རྒྱུན་གྱི་ལེགས་ཆ་འདོན་སྤེལ་ལེགས་པར་བྱས་ཏེ་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་འདོན་སྤེལ་ལེགས་པར་བྱས་ནས་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། མང་ཚོགས་ཀྱི་རྨང་གཞིའི་ལེགས་ཆ་འདོན་སྤེལ་ལེགས་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚང་མས་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་འཕེལ་རྒྱས་ཡོང་རེ་བྱེད་པའི་དུས་བབ་བཟང་པོ་དམ་འཛིན་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་སྒྲིལ་བ་བྱེད་དགོས་པ།
གསུམ་ནས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཤིང་། ཕྱོགས་གཅིག་ནས་བརྟན་ལྷིང་དམ་འཛིན་ཡག་པོ་བྱེད་པ་དང་ཞི་མཐུན་གྱི་ཆབ་མདོ་སྐྲུན་དགོས། ཉེ་ཆར་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་གཙོ་བོར་དོན་འཁྱོལ་ཡག་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། ས་ཁུལ་གྱིས་བཟོས་པའི་བརྟན་ལྷིང་སྲུང་སྐྱོང་གི་ཞིབ་ཕྲའི་བྱ་ཐབས་ལ་གཙོ་བོར་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་སྲུང་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། དེང་སྐབས་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་ལས་དོན་གཙོ་བོ་ལེགས་པར་སྒྲུབ་སྟེ་རྒྱུན་དུ་ཉེན་བརྡ་གཏོང་བ་དང་བརྟན་ལྷིང་ཞེས་པ་དེ་དུས་རྟག་ཏུ་དམ་བཟུང་བྱེད་པ་དང་། ལས་བྱེད་པ་ལས་གནས་ཐོག་བསྡད་དེ་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པ། འགག་རྩ་དམ་བཟུང་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་དོ་དམ་དང་བེད་སྤྱོད་གཏོང་བ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པས་འགན་འཁུར་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ནུས་པ་འདོན་པ། ཕྱོགས་ཉུལ་གྲྭ་བཙུན་ལ་དོ་དམ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཚོད་འཛིན་ནན་པོ་བཅས་བྱེད་པ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚན་ཁག་གིས་རིམ་པ་བཞིན་འགན་འཁུར་ནས་བརྟན་ལྷིང་སྲུང་སྐྱོང་གི་འགྱུར་མེད་སྟོབས་ལྡན་གྱི་འགོག་སྲུང་འཛིང་རགས་སྐྲུན་པ་དང་ལས་གནས་བརྟན་སྲུང་མི་བྱེད་པ་དང་འགན་མི་འཁུར་བ་ཞིག་ཡིན་ཕྱིན་རང་སར་གོ་གནས་མེད་པར་བཟོ་བ་བཅས་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱེད་པ་དང་འབྱོར་ཕྱུག་ལྡན་པའི་ཆབ་མདོ་ཞིག་སྐྲུན་དགོས། འབབ་འཕར་དམ་འཛིན་བྱེད་པ་དང་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་སྟེ་ལས་ཞུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བ་དང་། ཐོན་འཕར་དམ་འཛིན་བྱས་ཏེ་རྒྱ་ཁྱོན་བརྟན་པོ་ཡོང་བ་བྱེད་པ་དང་། ཚན་རྩལ་ལ་བརྟེན་པ། མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་བཅས་བྱེད་པ། བདེ་སྡོད་ལས་གྲྭ་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། ཁོར་ཡུག་དམ་འཛིན་བྱས་ཏེ་ཆུ་གློག་ལམ་བཅས་དང་། སོལ་རླངས། འཕྲིན་གཏོང་། སྦྲགས་སྲིད། རླུང་འཕྲིན་དང་བཪྙན་འཕྲིན། ཁོར་ཡུག་བཟང་པོ་བཅས་བརྒྱད་དུད་ཁྱིམ་དུ་ཡོད་པ་བྱེད་པ། ལས་ཞུགས་དམ་འཛིན་བྱས་ཏེ་སྐྱེ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་གྱི་སློབ་མ་ཚང་མར་ལས་ཞུགས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་མི་ལུས་པ་བྱེད་པ། སློབ་གསོར་དམ་འཛིན་བྱས་ཏེ་སློབ་གསོའི་བྱ་གཞག་སྔོན་ལས་འཕེལ་རྒྱས་གཏོང་བ་དང་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པ། སྤྱི་ཚོགས་འགན་བཅོལ་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཛུགས་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས། ས་ཁུལ་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐད་ཀའི་འགོ་ཁྲིད་འོག་ས་ཁུལ་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱས་ནས་2020ལོར་རྒྱལ་ཡོངས་དང་ཆབས་ཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་བསྒྲུབ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣