དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་དུས་ཆེན་རིང་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དཔྱིད་གསར་དུས་ཆེན་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་ར་མོ་ཆེ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་ཕེབས་ཏེ་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཡང་ཞུས་གནང་བ།

        དཔྱིད་གསར་དུས་ཆེན་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ཁྲོམ་གཞུང་གི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་དུས་ཆེན་རིང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པར་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

        བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལང་ཡིའུ་ལེའང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཏེང་ཞའོ་ཀང་བཅས་ལྷན་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།

        ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཁྲེན་ཆོན་གོས་སྡོད་བྱའི་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་བཏང་ནས་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། བཪྙན་འཕྲིན་གྱི་བཀོད་འདོམས་མ་ལག་བརྒྱུད་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། ཁྲེན་ཆོན་གོས་རྒྱ་ཆེའི་མི་དམངས་ཉེན་རྟོག་པར་དུས་ཆེན་རིང་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་ཀྱིས་མི་དམངས་མང་ཚོགས་ཀྱི་ཆེད་དུ་བདེ་འཇགས་དང་ཞི་མཐུན་གྱི་དུས་ཆེན་གྱི་ཁོར་ཡུག་ཅིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ར་མོ་ཆེ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་སྨན་རྩིས་ཁང་ལམ་གྱི་དམངས་ཕན་ཞབས་ཞུའི་ཉེན་རྟོག་ས་ཚིགས་སུ་ཁྲེན་ཆོན་གོས་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་སྡོད་བྱ་བཀོད་སྒྲིག་དང་། ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག ཉེན་རྟོག་ལས་དོན་དང་གོ་མཚོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བོར་དངོས་ལེན་བརྡ་གཏོང་བའི་སྟེགས་བུ་དང་། སྨན་སྒམ་ཆུང་ཆུང་། གསོ་རླུང་བླུགས་སྣོད་སོགས་དམངས་ཕན་སྒྲིག་བཀོད་མང་དག་གྲ་སྒྲིག་བྱས་ཡོད་པ་དང་མང་ཚོགས་ཀྱི་མཐོང་སྣང་འབྲི་དེབ་ཐོག་གྲོང་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་བསྔགས་བརྗོད་བྱེད་ལུགས་བཀོད་པ་གཟིགས་སྐབས་ཁྲེན་ཆོན་གོ་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་ང་ཚོའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེ་མི་དམངས་མང་ཚོགས་བློ་ཡིད་ཚིམས་པོ་ཡོང་བ་དང་། ཁ་ཕྲལ་པ་དང་ཉེས་གསོག་པ་སྐྲག་སར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ཐུགས་བརྩེ་ཟབ་མོའི་སྒོ་ནས་དུས་ཆེན་དང་གུང་གསེང་ཉིན་མོ་འཆར་རིམ་བཞིན་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དེ་བས་ལྕི་བ་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚོའི་ལས་དོན་ཡང་སྔར་བས་བྲེལ་འཚུབ་དང་སྔར་བས་དཀའ་ལས་ཁག་པོ་ཡོད་པས་ཁྱེད་ཚོས་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ནས་རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཡོང་བ་བྱེད་པ་དང་མི་དམངས་མང་ཚོགས་རྣམས་དགའ་སྤྲོ་དང་། འཆམ་མཐུན། བདེ་འཇགས་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་ཆེད་སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བར་ཏང་དང་སྲིད་གཞུང་གིས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་མི་དམངས་མང་ཚོགས་ཚོས་ཀྱང་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་ངེས་ཡིན། ཁྱེད་ཚོས་དཀའ་བ་ཇི་ཙམ་སྤྱད་པས་དེ་ཙམ་གྱིས་མང་ཚོགས་ལ་བདེ་འཇགས་ཡོང་བ་དང་ཁྱེད་ཚོས་ལེགས་སྐྱེས་ཇི་ཙམ་ཕུལ་བས་དེ་ཙམ་གྱིས་སྤྱི་ཚོགས་ཞི་འཇགས་ཡོང་ཐུབ་པས་རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མ་དང་ཁྱེད་ཚོ་བརྒྱུད་དེ་དུས་ཆེན་རིང་དཀའ་སྤྱད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་ལས་དོན་སྒྲུབ་མཁན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཚང་མར་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ངལ་དུབ་ལ་མ་འཛེམས་པ་དང་བསྟུད་མར་དམག་འཐབ་རྒྱག་པའི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་ལས་ཀའི་འདུ་ཤེས་སྔར་བས་གསར་གཏོད་བྱེད་པ་དང་། ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ལས་ཀའི་བྱ་ཐབས་སྤྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ་དང་། བརྟན་ལྷིང་འགན་ལེན་བྱས་ནས་འགན་འཁྲིའི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། དོགས་ཟོན་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་དྲན་སྐུལ་བྱེད་པའི་ཅོང་སྒྲ་ཡུན་རིང་གྲགས་ཐུབ་པ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ག་དུས་ཡིན་རུང་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཏོར་བཤིག་བྱེད་སྤྱོད་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ “གནད་དོན་ཆེ་འབྲིང་མི་ཐོན་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི་བརྩོན་ལེན ”གང་ཐུབ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ། བདེ་འཇགས་འགན་ལེན་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ཉེས་གསོག་མཁན་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་རྣམ་པ་ཟབ་མོ་རྒྱུན་འཁྱོངས་ཀྱིས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཉེས་གསོག་ལ་འཇིགས་སྐུལ་བཟོ་བ་དང་། ཉེས་གསོག་གི་འཁོར་རྒྱ་ཆུང་དུ་གཏོང་བ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ། ཞི་མཐུན་ཡོང་བར་སྐུལ་མ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཚད་དེ་སྤྱི་བདེའི་ལས་དོན་ལ་བསྡུར་ཞིབ་དང་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འདི་ཉིད་བརྟན་ལྷིང་སྲུང་སྐྱོང་གི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་གང་ཡག་ཅིག་ལ་བསྐྲུན་ནས་དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྒྲིག་ལམ་སྲུང་སྐྱོང་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་གཅིག་འདོམས་བྱས་ནས་སེམས་རྩ་འཁོལ་བའི་ངང་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས་པ། བྱང་ཚད་མཐོ་རུ་བཏང་ནས་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་དང་འཐབ་ནུས་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་ལེགས་པ། གཟུགས་བཪྙན་ལེགས་པ་བཅས་ཀྱི་སྤྱི་བདེའི་དཔུང་ཁག་ཅིག་གཏོད་གང་ཐུབ་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།