དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆབ་མདོའི་འཇོ་མདའ་རྫོང་གི་ལས་བྱེད་པ་གཉིས་ལས་འཛོལ་ཤོར་ནས་གོ་གནས་མེད་པ་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་ཆབ་མདོ་ས་ཨུད་དང་འཇོ་མདའ་རྫོང་ཨུད་ཀྱིས་སྤོ་ལོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཏེ་ཅུན་དང་ཤང་ཀྲང་འཇམ་བསྟན་གཉིས་ཀྱིས་ལས་འཛོལ་ཤོར་བའི་དབང་གིས་གོ་གནས་མེད་པ་བཟོ་རྒྱུའི་ཆད་པ་ནན་པོ་བཅད་པ་རེད།

        བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སུན་ཏེ་ཅུན་དང་འཇམ་བསྟན་གཉིས་པོས་རྩོད་གཞི་འདུམ་སྒྲིག་འོས་འཚམ་མ་བྱས་པའི་ལས་འཛོལ་ཤོར་བའི་དབང་གིས་རང་བྱུང་ནགས་ཚལ་གང་བྱུང་དུ་གཅོད་པའི་སྤོ་ལོ་ཤང་གི་རང་བྱུང་གྲོང་ཚོ་གཉིས་ཀྱི་རྩོད་པ་རིམ་གྱིས་ཤུགས་ཆེ་རུ་སོང་ནས་བརྟན་ལྷིང་མེད་པའི་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་གནད་དོན་དེར་མཐོང་ཆེན་གནང་སྟེ་འཇོ་མདའ་རྫོང་དང་འབྲེལ་ཡོད་སྡེ་ཚན་ལ་བརྟག་ཞིབ་ཚོགས་ཆུང་ཆེད་མངགས་བཙུགས་ནས་གནས་ཚུལ་ངོ་མ་འཕྲལ་དུ་རྟོག་ཞིབ་ཐུབ་པ་བྱས་ཏེ་སྒྲིག་ཁྲིམས་ལྟར་ཞིབ་གཅོད་ནན་པོ་བྱ་རྒྱུའི་འགན་དཀྲིས་གནང་བ་མ་ཟད་ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པར་བསླབ་བྱ་དང་ལེན་བྱས་ཏེ་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱིས་དཔོན་པོ་བྱེད་རིང་ཡུལ་དེ་ཉིད་ལ་བདེ་སྐྱིད་སྐྲུན་དགོས་པ་དང་ཡུལ་དེ་ཉིད་བརྟན་ལྷིང་ཡོང་བ་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད། ཆབ་མདོ་ས་ཨུད་ཀྱི་བྱེད་སྟངས་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་དང་། གདེང་འཇོག་གང་ལེགས། རྒྱབ་སྐྱོར་ཤུགས་ཆེན་བཅས་གནང་བ་དང་སྦྲགས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཆབ་མདོ་ས་ཨུད་དང་འདྲ་བར་ལས་བྱེད་པར་རེ་བ་ནན་པོ་འདོན་པ་དང་དོ་དམ་ནན་པོ་བྱས་ཏེ་རང་དགར་ལས་གནས་ནས་ཁ་བྲལ་ཏེ་རང་འགན་གཙང་སྒྲུབ་མི་བྱེད་མཁན་ཡོད་པ་ཤེས་མ་ཐག་ཞིབ་གཅོད་བྱེད་པ་དང་ཉེས་ཆད་ནན་པོ་གཅོད་རྒྱུ་ལས་གུ་ཡངས་མི་གཏོང་རྒྱུའི་བླང་བྱ་བཏོན་པ་རེད།

        འཇོ་མདའ་རྫོང་ཨུད་ཀྱིས་རྫོང་ཨུད་རྒྱུན་ཨུའི་ཚོགས་འདུ་འཕྲལ་དུ་འཚོགས་ཏེ་སུན་ཏེ་ཅུན་དང་འཇམ་བསྟན་གཉིས་གོ་གནས་མེད་པ་བཟོ་རྒྱུའི་ཆད་པ་བཅད་པ་མ་ཟད་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་བྱས་པ་དང་རྫོང་ནགས་ལས་ཅུས་དང་སྤོ་ལོ་ཤང་ལ་ལྷགས་པའི་གནད་དོན་དག་ཐེར་བཅོས་སྒྲིག་བྱ་རྒྱུའི་འགན་དཀྲིས་པ་རེད།

        རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་དང་ལྗོངས་ཏང་ཨུད་རྩ་འཛུགས་པུས་གནད་དོན་དེའི་ཐད་ལྗོངས་ཡོངས་སུ་བརྡ་ཁྱབ་གཏོང་རྒྱུའི་བརྡ་ཐོ་ཆེད་མངགས་བཏང་སྟེ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གནད་དོན་དེ་བསླབ་བྱར་འཛིན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ཐོག་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ།

        གཅིག་ནས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིག་པ་དྭངས་གསལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་སྟེས་དབང་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ་ཡུན་རིང་ཉེན་བརྡ་གཏོང་བ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡོང་རྒྱུའི་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ལས་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་ཡག་པོ་བརྒྱབ་ནས་ལས་འཛོལ་མི་ཤོར་བའི་འགན་ལེན་བྱེད་དགོས། དོགས་ཟོན་ཆེར་བསྐྱེད་དང་། ལས་གནས་བརྟན་སྲུང་། དམིགས་ཚད་དམ་བཟུང་། དམངས་འཚོར་དོ་ཁུར། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཧུར་ཐག་སྒྲུབ་དགོས་པ་དང་།

        གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་བརྟན་ལྷིང་སྲུང་སྐྱོང་ཚན་ཁག་གི་བློ་མཐུན་ཚོས་ཉིན་མཚན་དབྱེར་མེད་དུ་ལས་གནས་བརྟན་སྲུང་བྱེད་པ་དང་ག་དུས་ཡིན་ནའང་བཀའ་སྒུག་ནས་ལས་གནས་བརྟན་སྲུང་བྱ་རྒྱུའི་འགན་འཁྲི་ཡོད་པ་དང་རང་འགན་གཙང་སྒྲུབ་བྱས་ནས་བརྟན་ལྷིང་ཡོང་ཐུབ་པ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ནན་པོ་བྱས་ནས་འགལ་ཟླ་འཕྲལ་དུ་བསལ་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་རང་འགན་ནན་སྒྲུབ་བྱས་ཏེ་ལས་དོན་ཁག་སྲ་བརྟན་དང་། ཚད་ལྡན། མཐོར་གཏོང་བཅས་ཡོང་བ་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་དགོན་སྡེར་བརྟན་ལྷིང་ཞི་མཐུན་ཡོང་བ་བྱེད་དགོས། དུས་ཆེན་རིང་གི་ལས་གནས་བརྟན་སྲུང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་ཞིག་ཏུ་བརྩི་དགོས་པ་དང་རང་དགར་ལས་གནས་དང་ཁ་བྲལ་བ་དང་དུས་འཐིམས་ཡང་ལས་གནས་ཐོག་ཕྱིར་ལོག་བྱས་མེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པ།

        གསུམ་ནས་དམངས་འཚོར་དོ་ཁུར་ཏན་ཏིག་བྱེད་དགོས་ཤིང་། མང་ཚོགས་ཀྱི་བྱ་བ་ཐམས་ཅད་གལ་ཆེན་པོ་ཡིན་པར་བརྟེན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སེམས་ནང་མང་ཚོགས་འཇོག་པ་དང་། བྱ་བ་སྒྲུབ་སྐབས་མང་ཚོགས་ལ་བསམ་བློ་གཏོང་བ། ཐམས་ཅད་མང་ཚོགས་ཀྱི་དོན་དུ་ཡིན་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་ངོ་མ་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་བྱེད་དགོས། དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་ཞིང་འབྲོག་ཁུལ་དུ་རྒྱ་ཆེའི་ཞིང་འབྲོག་པར་འཚམས་འདྲི་བྱེད་པར་བསྐྱོད་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁྲལ་སེལ་རོགས་བྱེད་པ། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་མེད་པར་སྤྲོད་རྒྱུ་དང་ཕ་ཡུལ་དུ་ལོག་རྒྱུའི་ལས་དོན་ཡག་པོ་སྒྲུབ་པ། རྒྱ་ཆེའི་གྲྭ་བཙུན་ལ་འཚམས་འདྲི་དང་དོ་ཁུར་གྱི་བྱེད་སྒོ་སྔར་བས་སྤེལ་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་སེལ་བ་བཅས་བྱས་ཐོག་བརྟན་ལྷིང་གི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས་པ།

        བཞི་ནས་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ལམ་ནན་སྲུང་བྱེད་དགོས་ཤིང་། 《བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁྲོད་འགོ་ཁྲིད་ལས་བྱེད་པས་འགན་ཤོར་ལས་འཛོལ་བྱུང་བའི་བྱེད་སྤྱོད་ལ་འགན་འཁྲི་རྩད་ཞིབ་བྱ་ཐབས་ཀྱི་གནས་སྐབས་གཏན་འབེབས 》ལག་བསྟར་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་གཞུང་ལས་ཁང་དང་ལྗོངས་ཏང་ཨུད་གཞུང་ལས་ཁང་། སྲིད་གཞུང་གཞུང་ལས་ཁང་གི་རྟོག་ཞིབ་སྡེ་ཚན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས། རྩ་འཛུགས་མི་དོན་སྡེ་ཚན་བཅས་ནས་དུས་ཆེན་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་ལས་རེས་སྣེ་ཁྲིད་པ་དང་དེ་བཞིན་འགོ་ཁྲིད་ལས་བྱེད་པས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ཚུལ་དང་དེ་བཞིན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་མངོན་ཞིབ་ལྐོག་འདྲི་བྱེད་དགོས། ལས་གནས་བརྟན་སྲུང་མི་བྱེད་པ་དང་། འགན་འཁྲི་མི་ཁུར་བ། འགན་ཤོར་ལས་འཛོལ་བྱུང་བ། བརྟན་ལྷིང་ཐད་གནས་ཚུལ་ལྷག་པ་བཅས་ཡིན་ན་འགན་འཁུར་བློ་མཐུན་གཙོ་བོ་དང་། ལས་བགོས་འགན་འཁུར་བློ་མཐུན། ཐད་ཀའི་འགན་འཁུར་བ་བཅས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དང་གནད་དོན་ཚབས་ཆེན་ཡིན་པར་བྱས་རྗེས་ཇི་ཙམ་ཆེ་བ་དང་དེ་སྔོན་ལས་ཀ་ལེགས་པོ་གང་བྱས་མིན་ལ་མ་བལྟོས་པར་ཚང་མ་རང་སར་གོ་གནས་མེད་པ་བཟོས་རྗེས་སྒྲིག་བཤེར་ལྟ་ཞིབ་དང་རྩ་འཛུགས་མི་དོན་སོགས་སྡེ་ཚན་དུ་བརྟག་ཞིབ་དང་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས། བཀག་རྒྱ་ཡོད་རུང་སྒྲིག་འགལ་བྱེད་པ་དང་ངོ་བོ་ཚབས་ཆེན་ཡིན་པར་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ལ་ཆད་པ་ནན་པོ་གཅོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།