དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་བ་དང་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09
        ཟླ་1ཚེས་22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཏང་སྲིད་སྒོ་རའི་ནང་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་བ་དང་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། འདི་ནི་མཛད་སྒོ་སྤེལ་ཡུལ་ཡིན་པ།

        འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་གནང་བའི་གནས་ཚུལ་ཡིན་པ།

        ལུགས་ཪྙིང་གནམ་གང་གི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཏང་སྲིད་ཀྱི་སྒོ་རའི་ནང་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་བ་དང་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་ལང་ཚོ་ནམ་ཡང་གནས་པ་དང་རླབས་ཆེན་སྤྱི་ཚོགས་རིང་ལུགས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་མི་དམངས་ལ་བཅངས་པའི་རྒྱ་མཚོ་ལྟར་ཟབ་པའི་བརྩེ་སེམས་བློ་ལ་བརྟན་པོར་ངེས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུའི་ལྕག་སྐུལ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་རྒྱུར་བསུ་བ་ཞུས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་བཅས་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་ནས་ན་ནིང་ཟླ་བ་བདུན་པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བཅས་གཙོ་འཛིན་བཞིའི་སྐུ་པར་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་བརྩེ་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་དགའ་ཞེན་གནང་གི་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་དང་དམངས་གཙོའི་བཅོས་སྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པས་བོད་འདི་ཉིད་སྒྱུར་བཅོས་སྒོ་དབྱེ་དང་ཁྱོན་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་བབ་གསར་པ་སྔར་བས་བཏོད་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་སྤོབས་སེམས་ཀྱིས་ཁེངས་བཞིན་བརྟན་ལྷིང་འགན་ལེན་དང་། མཆོང་སྐྱོད་དོན་གཉེར། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བཅས་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ལོ་ངོ་60ཡི་འོད་སྟོང་འབར་བའི་གྲུབ་འབྲས་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་ར་སྤྲོད་ཐུབ་པ་དང་། ལོ་ངོ་60ཡི་འོད་སྟོང་འབར་བའི་གྲུབ་འབྲས་ཐོག་ནས་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་ལེའུ་བརྩམས་ཡོད། ཆུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དགའ་སྟོན་གྱི་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཏང་སྲིད་སྒོ་རའི་ནང་གཙོ་འཛིན་སྐུ་པར་གྱི་ཡོལ་ཁེབས་ཕྱེ་བ་དང་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་སྣེ་ཁྲིད་དེ་གཙོ་འཛིན་གྱི་སྐུ་པར་བཀལ་བ་བརྒྱུད་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བཀའ་དྲིན་གྱི་བསམ་པ་ཚད་མེད་འཆང་ལུགས་གང་ལེགས་མཚོན་པ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་དང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་ལ་སྔར་བས་ལྕག་སྐུལ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 2012ལོར་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

        ཉིན་ཤས་བསྟུད་མར་བོད་ཀྱི་ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ། དགོན་སྡེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྱིམ་བཅས་ནང་གཙོ་འཛིན་གྱི་སྐུ་པར་དང་རྒྱལ་དར་གཅིག་རྗེས་གཉིས་མཐུད་ངང་བཀལ་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་གྱི་བསམ་པ་ཚད་མེད་འཆང་ལུགས་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱ་ལུགས། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བཅས་གང་ལེགས་མཚོན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་རྒྱལ་དར་དང་གཙོ་འཛིན་གྱི་སྐུ་པར་གྲོང་ཚོ་དང་། དུད་ཚང་། དགོན་སྡེ་བཅས་སུ་སྤྲོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཞིང་། མིག་སྔར་རྒྱལ་དར་དང་གཙོ་འཛིན་གྱི་སྐུ་པར་ཁྲི་100ལྷག་ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།