དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་ལྷོ་ཁའི་ལས་བྱེད་མང་ཚོགས་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་གི་དཔོན་དམག་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ཟླ་1ཚེས་20ཉིན་པད་མ་འཕྲིན་ལས་ཀྱིས་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་འོ་རག་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་དང་། སྣེ་གདོང་རྫོང་། གོང་དཀར་རྫོང་བཅས་སུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་གི་དཔོན་དམག་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྤྱི་ཁྱབ་འཚམས་འདྲི་ཚོགས་པ་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་སྦྲགས་ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐོག་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་། བསམ་པ་རྣམ་དག་གིས་དམངས་འཚོར་ཕན་པ་འདོགས་པ། ནུས་ཤུཌ་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།

        བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཀྲའོ་པོ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་དང་བཅས་པས་དང་ཐོག་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་འོ་རག་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཕེབས་ཏེ་གཞི་རིམ་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། དམངས་ཀྱི་གནས་ཚུལ་སྐོར་གྱི་ཉིན་ཐོ་བཀོད་པ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་པ། དབུལ་སྐྱོར་ལས་དོན་སྤེལ་བ་མ་ཟད། ད་དུང་བོད་གསར་ཪྙིང་བསྡུར་བའི་པར་རིས་འགྲེམས་སྟོན་སོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བའི་གནས་ཚུལ་མཁྱེན་རྗེས་པད་མ་འཕྲིན་ལས་ཐུགས་ཤིན་ཏུ་སྤྲོ་པོ་བྱུང་བ་རེད། ཁོང་གིས་དུས་ཡུན་ལོ་གསུམ་གྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དེའི་ལོ་དང་པོ་ནི་འགག་རྩ་ཡིན་པས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས “སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ ”ཞེས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཆབས་ཅིག “མང་ཚོགས་ལ་གནད་དོན་གང་ཞིག་ཐག་གཅོད་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མང་ཚོགས་བློ་མགུ་པོ་ཡོང་བ་བྱེད་དགོས་པ། ཇི་ལྟར་བྱས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ ”བཅས་ལ་དམིགས་ཏེ་ས་ཁུལ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ལེགས་ཆ་འདོན་སྤེལ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་སྲིད་གཞུང་གིས་དྲོ་སྐྱིད་སྦྱིན་ལུགས་རྒྱ་ཆེའི་མང་ཚོགས་ཚོས་ཚོར་བ་བྱེད་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་དང་བཅས་པས་ད་དུང་ཀརྨ་བསམ་གྲུབ་དང་། པ་སངས། ལྷུན་གྲུབ་སོགས “རྒན་གྲས་གསུམ ”གྱི་མི་སྣར་ཆེད་མངགས་གཟིགས་པར་ཕེབས་ཤིང་། 1965ལོར་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་ནང་ཞུགས་པའི་འདི་ལོ་ལོ་78ལ་སླེབས་པའི་རྒད་པོ་པ་སངས་ཀྱི་ཁྱིམ་དུ་ཕེབས་ཏེ་རྒད་པོ་པ་སངས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་གི་གཟུགས་གཞིའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་རྗེས་པད་མ་འཕྲིན་ལས་ཀྱིས་ད་དུང་ལྷན་དུ་ཕེབས་པའི་འགན་ཁུར་བློ་མཐུན་ཚོར་ངེས་པར་དུ་སྔར་རྒྱུན་བཞིན་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་བཅས་ལ་ཆབ་སྲིད་ཐོག་ནས་བརྩི་འཇོག་དང་། བསམ་བློའི་ཐོག་ནས་ཐུགས་ཁུར། འཚོ་བའི་ཐོག་ནས་ལྟ་རྟོག་བཅས་བྱས་ཏེ་ཁོང་ཚོར་ནུས་ཤུགས་ལྷག་མ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡོང་བ་དང་ཚེ་མཇུག་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

        དེ་རྗེས་པད་མ་འཕྲིན་ལས་དང་བཅས་པ་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་ཐོན་སྐྱེད་ཐོན་དང་དྲག་ཆས་ཉེན་རྟོག་ལྷོ་ཁ་ཉིང་ལག་རུ་ཁག་གི་འཕྲལ་སྒྲུབ་རུ་ཆེན་དུ་ཕེབས་ནས་བཀོད་འཐབ་པ་དང་དཔོན་དམག་ཚོར་ཕྱག་བཏང་གནང་སྟེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་སྲིད་གཞུང་། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་བཀོད་འཐབ་པ་དང་། དཔོན་དམག དེ་བཞིན་ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ཁྱེད་ཚོས་ཏང་གི་བཀོད་འདོམས་དང་ལེན་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་མཛངས་ལྡན་ཞིང་དམག་ལ་མཁས་པ་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”མུ་མཐུད་དར་སྤེལ་གཏོང་བ་དང་ཆབས་ཅིག་ཏང་ལ་བསམ་པ་རྣམ་དག་དང་། མི་དམངས་ལ་བསམ་པ་རྣམ་དག སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་བསམ་པ་རྣམ་དག་བཅས་བྱེད་པའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀྲིས་པའི་ལས་འགན་ཁག་ལེགས་པར་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་ལས་གནས་ཡག་པོ་སྲུང་བ་དང་། སོ་ལྟ་ཡག་པོ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་རྒྱལ་ཡོངས་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཕྱིར་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ད་དུང་གྲ་ནང་རྫོང་གི་རྒན་གསོ་ཁང་དང་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་བྱིང་ཀླུ་གྲོང་མི་ཨུ་ཡོན་ལྷན་ཁང་དང་བྱེ་ས་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཕེབས་ཏེ་ལས་བྱེད་མང་ཚོགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག ལྗོངས་དམངས་སྲིད་ཐིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སྤྱི་ཁྱབ་བཟོ་ཚོགས་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།